ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢ ཉིན་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་ལོ་ངོ་ ༥༥ འཁོར་བའི་དུས་ཆེན་མཛད་སྒོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་སྲུང་བརྩི་གཟབ་རྒྱས་ཞུས་ཐོག་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཤན་ཏ་ཀུ་མཱར་ (Shri Shanta Kumar) མཆོག་གིས་གསུང་བཤད་གནང་དོན། རྣམ་པ་ཚོ་དེ་རིང་འདིར་མང་གཙོའི་དུས་ཆེན་གལ་ཆེན་ཞིག་སྲུང་བརྩི་ཞུ་བཞིན་ཡོད་ལ། འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མི་རྣམས་ཀྱིས་དེ་རིང་བོད་ཀྱི་མང་གཙོའི་དུས་ཆེན་སྲུང་བརྩི་ཞུ་བཞིན་ཡོད།
བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི། འཛམ་གླིང་ནང་ཆེས་མཆོག་ཏུ་བཀུར་བར་འོས་བའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་པ་མ་ཟད། ཡར་ཐོན་ཅན་གྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཀྱང་ཡིན། གང་ཉིད་མཆོག་གིས་བོད་འབངས་ཡོངས་ལ་མང་གཙོའི་ལམ་བཟང་གསོལ་སྩལ་བཀའ་དྲིན་བསྐྱངས་པ་ཙམ་མ་ཟད། ལོ་ལྟར་དེ་རིང་གི་ཉིན་མོར་མང་གཙོ་དུས་ཆེན་སྲུང་བརྩི་ཞུ་རྒྱུ་ཐག་གཅོད་གནང་བ་དེ་ལོ་རྒྱུས་རང་བཞིན་ལྡན་པའི་ཐག་གཅོད་གལ་ཆེན་པོ་ཞིག་ཡིན།
དེ་རིང་གི་ཉིན་མོ་འདིར་ངས་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚབ་ཞུས་ཏེ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་བོད་མི་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་ཡིན། སྤུན་ཟླ་ཕོ་མོ་རྣམ་པ། ཁྱེད་ཚོ་རང་གི་ལུང་པ་དང་ཁ་བྲལ་ནས་དུས་རབས་ཕྱེད་ཙམ་འགྲོ་བཞིན་ཡོད་ཀྱང་སོ་སོའི་ཆོས་དང་། ལེགས་བྱང་སོགས་མུ་མཐུད་བདག་གཅེས་གནང་བར་ལེགས་གསོལ་ཞུ་བཞིན་ཡོད། འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མི་རྣམས་ཀྱིས་ཞི་བའི་ལམ་ནས་བོད་མིའི་རང་དབང་འཐབ་རྩོད་གནང་བཞིན་ཡོད། ལོ་རྒྱུས་ཀྱི་ཐོག་ནས་བོད་དེ་དུས་རབས་མང་པོའི་རིང་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན། བོད་དང་རྒྱ་གར་གཉིས་ཆོས་དང་ལེགས་བྱང་གི་ཐོག་ནས་འབྲེལ་བ་གཏིང་ཟབ་ཡོད་པ་དེ་དག་མ་འོངས་པར་མུ་མཐུད་འབྲེལ་བ་གཏིང་ཟབ་གནས་རྒྱུ་རེད།
བོད་མིའི་ཆབ་སྲིད་ཀྱི་རང་དབང་རྒྱ་ནག་གཞུང་གིས་བཙན་བཟུང་བྱས་པ་རེད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ལམ་སྟོན་འོག་རང་བཙན་བསྐྱར་གསོའི་ཚབ་ཏུ་ཆོལ་གསུམ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་ཡོང་ཐབས་གནང་རྒྱུའི་མཛད་བྱུས་གཏན་འབེབས་བྱུང་བ་དེར་རྒྱལ་སྤྱིའི་ནང་ཧ་ཅང་བསྔགས་བརྗོད་ཞུས་དང་ཞུ་བཞིན་ཡོད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་དབུས་པའི་བོད་མི་རྣམས་དབང་ཆའི་དོན་དུ་མིན་པར་དྲང་བདེན་དང་ཆོས་དད་རང་དབང་དོན་དུ་འཐབ་རྩོད་གནང་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་རྗེས་དམིགས་བསལ་སྐུ་མགྲོན་རྒྱ་གར་གཞུང་གི་བློན་ཆེན་མི་ནི་ཀ་གཱན་རྡི་མཆོག་གིས་གསུང་བཤད་གནང་དོན། དེ་རིང་བོད་མིའི་མང་གཙོ་དབུ་བརྙེས་ནས་ལོ་ ༥༥ འཁོར་བའི་དུས་ཆེན་དང་ལྷག་པར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་གྱ་སྟོན་གྱི་དུས་ཚོད་གལ་ཆེ་ཞིག་ཀྱང་འཁེལ་ཡོད། གང་ལྟར་བོད་མི་ཙམ་མ་ཡིན་པར་འཛམ་གླིང་སྐྱེ་བོ་ཀུན་གྱིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཞལ་རས་མངོན་གསུམ་དུ་མཇལ་ཐུབ་པ་འདི་ནི་ང་ཚོ་ཧ་ཅང་གི་བསོད་ནམས་ཆེན་པོ་ཡིན། ང་རང་དེ་རིང་འདིར་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་། བོད་མིའི་འཐབ་རྩོད་ཀྱི་ལས་འགུལ་དང་ངའི་ནང་མི་གཉིས་སྔ་མོ་ནས་འབྲེལ་ཐག་ཉེ་པོ་ཡོད་པ་བཞིན། ངས་ཀྱང་ལམ་སྲོལ་འདི་མུ་མཐུད་རྒྱུན་བསྲིང་བྱ་རྒྱུ་ཡིན། བོད་ཀྱི་ཟློས་གར་ཚོགས་པས་ཉམས་འགྱུར་ལྡན་པའི་ངང་བོད་ཀྱི་ཐུན་མོང་མ་ཡིན་པའི་གཞས་སྣ་འཁྲབ་སྟོན་གནང་བ་དེ་ཚོ་མཐོང་སྐབས་ངས་ཁྱེད་ཚོར་ཞུ་འདོད་པ་ནི། འཛམ་གླིང་སྟེང་གི་རྒྱལ་ཁབ་མང་པོ་ཞིག་རྒྱལ་ཁབ་གཞན་གྱིས་བཙན་འཛུལ་བྱས་ཡོད་པ་མ་ཟད། རྒྱལ་ཁབ་མང་པོ་ཞིག་གི་རང་གི་ཐུན་མོང་མིན་པའི་ངོ་བོ་རྩ་བརླག་ཕྱིན་ཡོད། འཛམ་གླིང་འདིའི་སྟེང་གནས་པའི་རྒྱལ་ཁབ་མང་པོ་ཞིག་ལ་རྒྱལ་ཁབ་གཞན་གིས་བཙན་འཛུལ་འོག་གནས་པ་མ་ཟད། དེར་བརྟེན་རྒྱལ་ཁབ་དེ་དག་གི་ངོ་བོ་རྩ་བརླག་ཏུ་ཕྱིན་ཡོད།
འོན་ཀྱང་ཁྱེད་རྣམ་པས་རང་ཉིད་ཀྱི་རིག་གཞུང་དང་སྐད་ཡིག་ཉམས་མེད་ངང་སྲུང་སྐྱོབ་གནང་བ་དང་། ལྷག་པར་རང་ཉིད་ཀྱི་རྒྱལ་ཁབ་ལ་རྒྱལ་ཞེན་གྱི་བསམ་བློ་ཡོད་པ་དེ་ནི་རང་ཉིད་ཀྱི་རྒྱལ་ཁབ་དེ་བཞིན་འགྱུར་བ་མེད་པའི་ངང་གནས་ཐུབ་པ་ཞིག་ཡིན། བོད་མིའི་འཐབ་རྩོད་དེ་བཞིན་ཡུན་རིང་ཞིང་དཀའ་ཚེགས་ཆེ་བ་ཞིག་ཡིན་ཡང་། བོད་མི་ཚོས་འཐབ་རྩོད་ཀྱི་བརྒྱུད་རིམ་ནང་སེམས་ཤུགས་ནམ་ཡང་ཆགས་མི་ཉན། ཁྱེད་རྣམ་པས་རང་ཉིད་ཀྱི་རྒྱལ་ཁབ་དང་མི་རིགས་ལ་བཅངས་པའི་ཉམས་མེད་ཀྱི་རྒྱལ་ཞེན་དང་སྤོབས་སེམས་ལ་ང་ཚོ་རྒྱ་གར་བས་བསྔགས་བརྗོད་དང་འབྲེལ་རྗེས་སུ་ཡི་རང་ཞུ་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། །