༢༠༡༥ ཟླ་ ༩ ཚེས་ ༡༩ རེས་གཟའ་སྤེན་པ།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ཟླ་ ༩ ཚེས་ ༡༨ ནས་ ༢༠ བར་ཉིན་གསུམ་རིང་བྱང་ཨ་མི་རི་ཁའི་བོད་རིགས་གཟའ་མཇུག་སློབ་གྲྭའི་སྔོན་འགྲོ་ནས་འཛིན་རིམ་གཉིས་པ་བར་སློབ་དེབ་མཐའ་མའི་གཏན་འབེབས་ཚོགས་འདུ་ཞིག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་གོ་སྒྲིག་ཞུས་ཡོད།
ཐེངས་འདིའི་ཚོགས་འདུ་འདིའི་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་འགན་ཁུར་འོག རྩོམ་སྒྲིག་པ་སྣང་གསལ་བསྟན་འཛིན་ནོར་བུ་ལགས་དང་། ལས་རོགས་སྐལ་བཟང་ཆོས་སྒྲོན་ལགས། བློ་བཟང་ཚེ་རིང་ལགས། སངས་རྒྱས་སྒྲོལ་མ་ལགས་བཅས་ཀྱིས་རྩོམ་སྒྲིག་བྱས་པའི་སྔོན་འགྲོ་ནས་འཛིན་རིམ་གཉིས་པ་བར་གྱི་སློབ་དེབ་རགས་ཟིན་ཤེས་རིག་ལས་ཁུངས་ནས་གཏན་འབེབས་སླད་འབུལ་ལམ་ཞུས་པ་བཞིན། ཐེངས་འདིར་གཏན་འབེབས་ཚོགས་འདུ་ནང་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་དང་། ཤེས་རིག་རྩོམ་སྒྲིག་ཚན་པའི་འགན་འཛིན་ཀརྨ་སྨོན་ལམ་ལགས། བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་དང་རྩོམ་སྒྱུར་སྡེ་ཚན་གྱི་འགན་འཛིན་ཊོག་ཊར་མཆོག་བསྟན་འཛིན་སྨོན་ལམ་ལགས། དཔེ་སྟོན་སློབ་གྲྭའི་བོད་དགེ་བསམ་གྲུབ་ལགས། ཤེས་ལྷན་དྲུང་གཞོན་དང་། སློབ་དེབ་རྩོམ་སྒྲིག་པ་རྣམས་མཉམ་ཞུགས་གནང་ཡོད་འདུག
གཞན་ཡང་བྱང་ཨ་རིའི་བོད་རིགས་གཟའ་མཇུག་སློབ་གྲྭའི་འཛིན་རིམ་གསུམ་པ་ནས་ལྔ་པ་བར་གྱི་སློབ་དེབ་རྣམས་རིམ་བཞིན་གཏན་འབེབས་གནང་འཆར་ཡོད་འདུག་པ་བཅས། །