ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། བྱང་ཕྱོགས་ས་གནས་ཁྲིམས་ཞིབ་པ་རྣམ་རྒྱལ་ཚེ་སྐྱིད་ལགས་ཀྱིས་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༦ ཀུ་ལུ་དཔལ་རབ་གླིང་ས་གནས་འཐུས་ཚོགས་སྐབས་བདུན་པའི་བདམས་ཐོན་ཚོགས་མི་ ༡༡ ཁོངས་ནས་ ༡༠ དང། དེ་དག་གི་ཁོངས་ནས་བདམས་ཐོན་ཚོགས་གཙོ་དང་ཚོགས་གཞོན་བཅས་ཀྱི་ལས་འཁུར་དམ་བཅའ་འབུལ་བཞེས་ཀྱི་གནང་སྒོ་ཁག་ལེགས་གྲུབ་བྱུང་ཡོད་པ་དང་བསྟུན། བྱང་ཕྱོགས་ས་གནས་ཁྲིམས་ཞིབ་པས་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༦ ཉིན་རྒྱབ་ཆུ་ཚོད་ ༣།༠༠ ནས་ ༤།༠༠ བར་ཀུ་ལུ་གཞིས་ཆགས་རྙིང་པར་ས་གནས་འགོ་འཛིན་དང་ལས་དྲུང། སྤྱི་མི། སློབ་སྤྱི་དང་སེར་སྐྱ་མི་མང་ ༣༢ ཙམ་དང་། དེ་བཞིན་ཕྱི་ཚེས་ ༡༧ ཉིན་ཞོགས་པ་ཆུ་ཚོད་ ༡༠།༠༠ ནས་ ༡༡ བར་མ་ན་ལི་སྤྱི་ཁང་དུ་ལས་དྲུང་དང། སྤྱི་མི། ཚོང་པ་མི་གྲངས་ ༢༦ ཙམ་དང་། ཉིན་གུང་ཆུ་ཚོད་ ༡༢།༠༠ ནས་ ༡།༠༠ བར་པ་ཏི་ལི་ཀུལ་སློབ་གྲྭའི་སློབ་ཕྲུག་བཅས་དང་མི་མང་། སྦང་སྒང་རི་ཁྲོད་བཅས་ཀྱི་སེར་སྐྱ་མི་མང་ ༤༠ ཙམ། ཕྱི་དྲོ་ཆུ་ཚོད་ ༣།༠༠ ནས་ ༤།༠༠ བར་མེ་ལེ་ ༡༥ ས་གནས་འགོ་འཛིན་ལས་ཁུངས་སུ་དཔལ་རབ་གླིང་སེར་སྐྱ་མི་མང་ ༣༥ བཅས་སོ་སོར་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་ངོ་བོ་དང། འགན་དབང་། གྲུབ་ཆ། ཁྲིམས་ཁོངས་ཁྱབ་ཚད། གྱོད་ཡའི་མོས་མཐུན་ཆོད་ཡིག ལག་བསྟར་དམ་ཡིག གཞི་རྩའི་ཆ་རྐྱེན། བྱེད་ཐབས་ཇི་ཡོད། གྱོད་ཡ་ཉམ་ཐག་ལ་མཐུན་རྐྱེན། ཞུ་རྩ་དང་ཞུ་ལན་བཟོ་ཕྱོགས། ཁྲིམས་རྩོད་པའི་སྦྱོང་བརྡར་དང་བསྐྱར་སྦྱོང་བཅས་ཀྱི་སྐོར་ངོ་སྤྲོད་གསུང་བཤད་དང། དྲི་བ་ཁག་ལ་ལན་འདེབས་གནང་ཡོད་པ་བཅས།།