ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ ༢༠༡༥ ཟླ་ ༩ ཚེས་ ༢༡ ནས་ ༢༣ བར་ཉིན་གྲངས་གསུམ་རིང་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་གོ་སྒྲིག་འོག་རྒྱ་གར་གསར་འགོད་པ་རྒན་གྲས་ཁག་གཅིག་རྡ་རམ་ས་ལར་ཆེད་ཕེབས་གནང་ཡོད།
དེ་ཡང་གསར་འགོད་པ་ཁོང་རྣམས་ཀྱི་ཕེབས་སྒྲིག་ཐོག་ཧི་མ་ཅལ་མངའ་སྡེ་དང་ཨུ་ཏར་ཁན་མངའ་སྡེའི་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་བཅས་ཀྱིས་ཟུང་འབྲེལ་ཐོག་གོ་སྒྲིག་གནང་པ་ཞིག་ཡིན་འདུག གསར་འགོད་པ་རྒན་གྲས་དེ་དག་གི་ཁྲོད་ཨུ་ཏར་ཁན་མངའ་སྡེ་དང་ཧི་མཱ་ཅལ་མངའ་སྡེ་གཉིས་ཀྱི་ཁོངས་སུ་ཡོད་པའི་བརྒྱུད་ལམ་ཚན་པའི་ཚོགས་མི་ལྔས་བོད་དོན་འཐབ་རྩོད་ཀྱི་གནས་སྟངས་གསལ་པོར་རྟོགས་ཞིབ་ཆེད་རྡ་རམ་ས་ལར་ཆེད་བཅར་ཐོག་རྒྱུས་ལོན་ལྟ་ཞིབ་གནང་ཡོད།
གསར་འགོད་པ་ཁོང་རྣམས་རྡ་སར་ཆེད་ཕེབས་ཀྱིས་བོད་མིའི་སྒྲིག་འཛུགས་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཁོང་རྣམས་ལ་འཚམས་འདྲི་ཞུས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩེའི་ལམ་སྟོན་ལ་བརྟེན་ནས་བྱུང་བའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་ངོ་སྤྲོད་དང་། ལོ་རྒྱུས་ཐོག་ནས་འཕགས་བོད་གཉིས་ཆོས་དང་རིག་གཞུང་སྐད་ཡིག་སོགས་ཕྱོགས་ཡོངས་ཀྱི་ཆ་ནས་འབྲེལ་ལམ་དམ་ཟབ་ཡོད་པ་སོགས་ཀྱི་ངོ་སྤྲོད་གནང་ཡོད།
དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་མཇལ་འཕྲད་གནང་སྐབས་ཚོགས་གཙོ་མཆོག་གིས་ཕྱི་ལོ་ ༡༩༥༩ ལོར་བོད་དེ་རྒྱ་ནག་གིས་བཙན་བཟུང་བྱས་པར་བརྟེན་བོད་མི་རྣམས་སྐྱབས་བཅོལ་དུ་ཡོང་དགོས་བྱུང་བ། བཙན་བྱོལ་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀྲིན་ལ་བརྟེན་ནས་བོད་མིའི་སྒྲིག་འཛུགས་གྱི་སྒྲོམ་གཞི་དང་། དེ་བཞིན་བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་གང་འདྲ་ཆགས་ཡོད་མེད། བོད་ནང་རྒྱ་ནག་གིས་གདུག་རྩུབ་དང་དམ་བསྒྲགས་ཆེ་བར་བརྟེན། ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་ནང་བོད་མི་རང་ལུས་མེར་སྲེག་བཏང་མཁན་གྲངས་ ༡༤༢ བྱུང་ཡོད་པ། ལྷག་པར་བོད་མཐོ་སྒང་གི་ཁོར་ཡུག་ནི་གཤམ་འོག་གི་རྒྱལ་ཁབ་ཁག་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡོང་ངེས་པ་དང་། དམིགས་བསལ་རྒྱ་གར་ལ་ཤུགས་རྐྱེན་ཆེན་པོ་ཡོད་པའི་ངོ་སྤྲོད་གསུང་བཤད་ཀྱང་གནང་འདུག
དེ་དང་ཕྱོགས་མཚུངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པའི་སྐབས་ཟུར་ཉན་དུ་ཕེབས་ཡོད་འདུག
ཉིན་གཉིས་པར་གསར་འགོད་པ་ཁོང་རྣམས་ཀྱིས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལས་དོན་བྱེད་ཕྱོགས་དང་། དེ་བཞིན་རྡ་ས་བོད་ཀྱི་དཔེ་མཛོད་ཁང་དང་། རྡ་སྟེང་བོད་ཁྱིམ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་བཅས་ཀྱི་ནང་ལྟ་ཞིབ་དང་གོ་བསྡུར། དེ་བཞིན་བོད་དོན་གནས་སྟངས་ཐོག་གོ་རྟོགས་རྒྱུས་ལོན་དང་ཉན་ཞིབ་ལེགས་པར་གནང་ཡོད་འདུག །