ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༧ རེས་གཟའ་ཕུར་བུ།
༄༅། །འདི་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་དགའ་སྟོན་འཛམ་གླིང་ཡུལ་གྲུ་མང་པོར་ཚོགས་སྡེ་དང་མི་སྒེར་བཅས་ནས་སྲུང་རྩི་ཞུ་མུས་བཞིན། རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་ཁོངས་ཀུ་ལུ་རྫོང་དུ་རྟེན་གཞི་བྱས་པའི་དྭགས་པོ་བཤད་སྒྲུབ་གླིང་དགོན་པར་སྐུའི་འཁྲུངས་སྐར་ཉིན་མཛད་སྒོ་ཧྲག་བསྡུས་ཤིག་ཞུས་གྲུབ་ཡོད་མོད། ལོ་ལྟར་དྭགས་པོ་རིན་པོ་ཆེ་མཆོག་གིས་དགོན་དེའི་དགེ་འདུན་པ་ཡོངས་དང་། དེ་བཞིན་ཕ་རན་སི་དང་། ཧོ་ལེན་ཌི། མ་ལེ་ཤི་ཡ། ཨིན་ཌོ་ནེ་ཤི་ཡ་སོགས་ནས་གང་གི་ཞལ་སློབ་དད་ལྡན་ཆོས་ཞུ་བ་བཞི་བརྒྱ་ཙམ་ལ་ལམ་རིམ་བཀའ་ཆོས་ཆེན་མོ་གནང་བའི་གོ་སྐབས་དང་བསྟུན་ནས། ༸གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་དགའ་སྟོན་དང་བཀའ་དྲིན་རྗེས་དྲན་ཞུ་སླད་དྭགས་པོ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སླར་ཡང་མཛད་སྒོ་རྒྱས་པ་ཞིག་ཚོགས་ཏེ། ༸གོང་ས་མཆོག་གི་སྐུའི་མཛད་རྗེས་དང་བོད་ཀྱི་གནས་ཚུལ་ཤེས་རྟོགས་ཡོང་སླད། དྭགས་པོ་བཤད་སྒྲུབ་གླིང་གྲྭ་ཚང་ནས་མགྲོན་འབོད་ལྟར། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲེམས་སྟོན་ཚན་པས་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༥ ཉིན་༸གོང་ས་མཆོག་གི་སྐུའི་མཛད་རྗེས་དང་བོད་དོན་དང་འབྲེལ་བའི་པར་རིགས་འགྲེམས་སྟོན་གནང་འདུག
དེ་ཡང་འགྲེམས་སྟོན་གྱི་བརྗོད་གཞི་གཙོ་བོ་གཉིས་ཡོད་པ་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་ནང་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་གསུམ་དང་། མཛད་རྣམ། རྒྱལ་སྤྱིའི་དབུ་ཁྲིད་རྣམས་དང་མཇལ་འཕྲད་མཛད་པ། མགོན་པོ་གང་ཉིད་མཆོག་ལ་རྒྱལ་སྤྱིའི་སྙན་གྲགས་ཆེ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱིས་གཙོས་ཆེ་བསྟོད་གཟེངས་རྟགས་འབུལ་ལམ་ཞུས་པ་ཁག དེ་བཞིན་༸གོང་ས་མཆོག་གིས་དབྱིན་ཡིག་ཐོག་ལྗགས་རྩོམ་མཛད་པའི་ཕྱག་དེབ་ཁག་བཅས་དང་། གཞན་ཡང་བོད་ཀྱི་རྒྱལ་པོ་ཐོག་མ་ནས་རྒྱ་ནག་གིས་བོད་དུ་བཙན་འཛུལ་དང་བཙན་བཟུང་བར་གྱི་བྱུང་བ་རྣམས་པར་རིགས་ཀྱི་ལམ་ནས་ངོ་སྤྲོད་དང་། བོད་དོན་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ཡང་བསྟན་འདུག
སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་གྷོ་ཝིན་སིངྒ་ཌ་ཀུར་ Shri Gobind Singh Thakur ལགས་དང་དྭགས་པོ་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་འགྲེམས་སྟོན་དབུ་འབྱེད་གནང་འདུག་པ་མ་ཟད། དྭགས་པོ་རིན་པོ་ཆེ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དང་བཀའ་སློབ་ཁག་ངོ་སྤྲོད་དང་། སྐུ་མགྲོན་གཙོ་བོ་དང་ཀུ་ལུ་ས་གནས་འགོ་འཛིན་བཅས་ནས་གསུང་བཤད་དང་། ཀུ་ལུ་ཁུལ་གྱི་ས་གནས་ཡུལ་མིའི་སློབ་གྲྭ་ཁག་གཅིག་གི་སློབ་ཕྲུག་དང་བོད་མི་རྣམས་ནས་གཞས་སྣ་འཁྲབ་སྟོན་གྱི་ལམ་ནས་སྐུའི་གྱ་སྟོན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
ཐེངས་འདིའི་པར་རིགས་འགྲེམས་སྟོན་སྐབས་བོད་མི་དང་། ས་གནས་ཡུལ་མི། དེ་བཞིན་ཕ་རན་སི། ཧོ་ལེན་ཌི། མ་ལེ་ཤི་ཡ། ཨིན་ཌོ་ནེ་ཤི་ཡ་སོགས་ནས་དྭགས་པོ་རིན་པོ་ཆེ་མཆོག་གི་ཞལ་སློབ་དད་ལྡན་ཆོས་ཞུ་བ་སོགས་མི་གྲངས་སྟོང་ཕྲག་བརྒལ་བ་མཉམ་ཞུགས་གནང་ཡོད་འདུག །