ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢༩ རེས་གཟའ་མིག་དམར།
༄༅། །འདིར་ནང་སྲིད་ལས་ཁུངས་ཀྱིས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢༧ ནས་ཕྱི་ཟླ་ ༡༠ ཚེས་ ༨ བར་ལྡི་ལི་དང་སྦེང་ལོར། མོན་གྷོ་བོད་མིའི་གཞིས་ཆགས་བཅས་སུ་གཞུང་དོན་ཕྱོགས་ཕེབས་གནང་རྒྱུ་ཡིན་འདུག
དེ་ཡང་བཀའ་བློན་མཆོག་ཕྱི་ཚེས་ ༢༨ ཉིན་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ཀྱི་ཕྱི་རྒྱལ་སྡེ་ཚན་ FFR Division དང་། གོད་ཆག་འཛིན་སྐྱོང་ལྷན་ཚོགས་ཀྱི་ Disaster Management ཟུང་དྲུང་སྐུ་ཞབས་ལྡི་ལིབ་ཀུ་མར Dillip Kumar ལགས། སྐུ་ཞབས་ཀེ་ཀེ་པ་ཐག་ K.K Pathak ལགས་རྣམ་གཉིས་མཇལ་འཕྲད་གནང་རྒྱུ་དང་། ཕྱི་ཚེས་ ༢༩ ཉིན་མཁའ་ལམ་བརྒྱུད་སྦེང་ལོར་རུ་ཕེབས་ཐོན་གྱིས་ཕྱི་ཚེས་ ༣༠ ཉིན་སྦེང་ལོར་དུ་རྟེན་གཞི་བྱས་པའི་གཞུང་འབྲེལ་མི་སྣ་ཁག་གཅིག་མཇལ་འཕྲད་གནང་རྒྱུ་ཡིན་འདུག
ཕྱོགས་མཚུངས་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་མེ་སོར་ Mysore རྫོང་དཔོན་ DC མཆོག་མཇལ་འཕྲད་གནང་རྒྱུ་དང་། ཕྱི་ཚེས་ ༢ ཉིན་སྦེང་ལོར་ལྷོ་སྤྱི་ལས་ཁུངས་ཀྱི་སྣུམ་འཁོར་བརྒྱུད་མོན་གྷོ་ས་གནས་སུ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༣ ཉིན་ས་གནས་འགོ་འཛིན་གྱིས་ལས་རིམ་གཏན་འབེབས་གནང་དོན་བཞིན་གནང་རྒྱུ་དང་། ཕྱི་ཚེས་ ༤ ཉིན་གཞིས་ཆགས་ནང་ཁུལ་འཁོར་ལམ་གསར་བཟོ་ལས་གཞི་དབུ་འཛུགས་ཀྱི་དབུ་འབྱེད་མཛད་སྒོར་ཕེབས་རྒྱུ་ཡིན་འདུག
ཕྱི་ཚེས་ ༥ ཉིན་ཀར་ཝར་ Karwar རྫོང་དཔོན་དང་ས་གནས་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་མཇལ་འཕྲད་གནང་རྒྱུ། དེ་བཞིན་ཕྱི་ཚེས་ ༦ ཉིན་མོན་གྷོ་ས་གནས་གཞུང་གི་སྣུམ་འཁོར་བརྒྱུད་གྷོ་ཝར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༧ ཉིན་གྷོ་ཝ་ནས་མཁའ་ལམ་བརྒྱུད་ཅན་རྡི་གྷར་ཕེབས་ཐོན་གྱིས་ཕྱི་ཚེས་ ༨ ཉིན་གཞུང་གི་སྣུམ་འཁོར་བརྒྱུད་ཅན་རྡི་གྷར་ནས་རྡ་སར་ཕེབས་ཐོན་གནང་རྒྱུ་དང་ཞོར་དུ་ཨུ་ན་ས་གནས་ཀྱི་ཉེན་རྟོག་འགོ་དཔོན་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག་པ་བཅས། །