༢༠༡༥ ཟླ་ ༩ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༤ ཉིན་ཌལ་ཧོར་བོད་མིའི་གཞིས་ཆགས་སུ་བོད་ཀྱི་མགྲོན་ཁང་ Tibet Guest House ཞེས་པ་དབུ་འབྱེད་གནང་ཡོད།
དེ་ཡང་མགྲོན་ཁང་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་ནང་སྲིད་བཀའ་བློན་མཆོག་གིས་གཙོས་ལས་གཞི་འདིར་རོགས་སྐྱོར་གནང་མཁན་སུད་སིར་རྟེན་གཞི་བྱས་པའི་ Eco Himal Foundation ཞེས་པའི་རོགས་ཚོགས་ཀྱི་སྐུ་ཞབས་ཕེ་རེང་ཀོ་སི་པེ་ནི་ལི་ Mr. Franco Spinelli ལགས་དང་ཆོས་གྲུབ་ཚེ་རིང་བླ་མ་ལགས་རྣམ་གཉིས་ཀྱང་ཆེད་ཕེབས་གནང་ཡོད། སྐབས་དེར་ཌལ་ཧོར་ས་གནས་འགོ་འཛིན་ཚེ་དབང་ཕུན་ཚོགས་ལགས་ཀྱིས་སྐུ་མགྲོན་རྣམ་པར་འཚམས་འདྲི་ཞུས་པ་དང་སྦྲགས། སྦྱིན་བདག་རྣམ་པར་མགྲོན་ཁང་རྒྱག་རྒྱུའི་ལས་གཞི་འདིར་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། ཁོང་གིས་ཌལ་ཧོར་བོད་མིའི་གཞིས་ཆགས་ཀྱི་རྒྱབ་ལྗོངས་ལོ་རྒྱུས་དང་ལས་བསྡོམས་སྙིང་བསྡུས་ཤིག་སྙན་སེང་ཞུས།
སྐབས་དེར་ཆོས་སྒྲུབ་བླ་མ་ལགས་ཀྱིས་མགྲོན་ཁང་རྒྱག་རྒྱུའི་དམིགས་ཡུལ་ནི་ཌལ་ཧོར་བོད་མིའི་གཞིས་ཆགས་དེ་ཡུལ་བསྐོར་སྤྲོ་འཆམ་གྱི་གནས་ཤིག་ཡིན་སྟབས། མགྲོན་ཁང་ཞིག་བྱུང་ན་དེར་ཡུལ་བསྐོར་སྤྲོ་འཆམ་པ་གནས་སྡོད་བྱ་རྒྱུ་ཙམ་མ་ཟད། བོད་མིའི་བཟོ་གྲྭའི་ཐོན་ཟོག་ཚོང་འགྲེམས་ཀྱང་བྲིན་རྒྱུགས་ཡག་པོ་ཡོང་བར་ཕན་ཐོགས་ཡོང་ངེས་དང་། དེ་བཞིན་ས་གནས་བོད་མི་ཚོར་ལས་ཀ་ཐོབ་སྟེ་རང་ཁ་རང་གསོ་ཐུབ་ཐབས་བཅས་ཀྱི་ཆེད་ཡིན་སྐོར་སོགས་གསུངས་འདུག
དེ་རྗེས་བཀའ་བློན་མཆོག་གིས་ལས་གཞི་འདི་བཞིན་ཌལ་ཧོར་བོད་མི་རྣམས་ལ་ལས་ཀའི་གོ་སྐབས་བསྐྲུན་རྒྱུར་དམིགས་ཏེ་མགྲོན་ཁང་བརྒྱབ་པ་ཞིག་ཡིན་པ་དང་། མགྲོན་ཁང་དེར་གཞིས་མི་རྣམས་ནས་མ་བྱན་དང་། ཟ་ཁང་ཞབས་ཞུ་བ། གཙང་བཟོ་བ། འཛིན་སྐྱོང་གི་ལས་བྱེད་སོགས་ཀྱི་ལས་གནས་ཐོག་ལས་བསྐོས་བྱས་པ་བརྒྱུད་བོད་མི་རྣམས་རང་ཁ་རང་གསོ་ཐུབ་ཐབས་ཆེད་ཡིན་སྐོར་དང་། ཕྱོགས་མཚུངས་བཀའ་བློན་མཆོག་གིས་ནང་སྲིད་ལས་ཁུངས་ནས་བོད་མི་ན་གཞོན་ལས་མེད་ཚོར་ལས་ཀའི་གོ་སྐབས་བསྐྲུན་ཆེད་སྐྱེད་ཆུང་བུན་གཡར་གྱི་ལས་གཞི་དང་ལས་རིགས་སྦྱོང་བརྡར་གྱི་ལས་འཆར་ཡོད་པས་ན་གཞོན་རྣམས་ཀྱིས་ཁེ་ཕན་དེ་དག་བླངས་ཐོག་རང་ཁ་རང་གསོ་ཐུབ་ཐབས་བྱེད་དགོས་པའི་ལམ་སྟོན་གནང་འདུག མགྲོན་ཁང་དེར་ཁང་མིག ༡༢ ཡོད་ཐོག་ཟ་ཁང་དང་ཚོང་ཁང་བཅས་འདུག
ཕྱེད་ཡོལ་བཀའ་བློན་མཆོག་གིས་གཞིས་མི་རྣམས་དང་ཐུགས་འཕྲད་སྐབས་མང་ཚོགས་ཀྱིས་བདེ་སྡུག་ཞུས་པ་རྣམས་ལ་ལམ་སྟོན་གནང་ཡོད་པ་མ་ཟད། བོད་མི་འདུ་སྡོད་བྱེད་སའི་ས་ཁུལ་ཁག་ཏུ་གཟིགས་བསྐོར་དུ་ཕེབས་ཡོད་པ་བཅས། །