༢༠༡༥ ཟླ་ ༩ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༧ ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་འགྲེམས་སྟོན་ཚན་པས་གོ་སྒྲིག་འོག (Desktop Publication) ཀམ་པུ་ཊར་ནང་དེབ་གཟུགས་བྱུས་འགོད་དང་པར་རིགས་བཀོད་སྒྲིག་བྱ་ཐབས་ཀྱི་ཟབ་སྦྱོང་འགོ་འཛུགས་གནང་སོང།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༢༠ ཐོག་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་དང་། ཟབ་ཁྲིད་པ་སྐུ་ཞབས་ཝི་ཤུ་ཨ་གར་ཝལ་ (Vishu Aggarwal) ལགས། ཕྱི་དྲིལ་ལས་ཁུངས་ཀྱི་བོད་དབྱིན་གཉིས་ཀྱི་གསར་འགྱུར་སྡེ་ཚན་ཁག འགྲེམས་སྟོན་ཚན་པ། འགྲོ་བ་མིའི་ཐོབ་ཐང་ཚན་པ། སྣར་ཐང་པར་ཁང་། ལས་འཆར་ཚན་པ། ཀམ་པུ་ཊར་ཚན་པ་བཅས་ཀྱི་འབྲེལ་ཡོད་སྲི་ཞུའི་ལས་བྱེད་ཁག་གཅིག་བཅས་ལྷན་འཛོམས་ཀྱིས་ཐོག་མར་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་གྲུབ་བསྟུན། དྲིལ་བསྒྲགས་དྲུང་ཆེས་ཟབ་ཁྲིད་པ་དང་ཟབ་སྦྱོང་བ་ཡོངས་ལ་འཚམས་འདྲི་གནང་བ་དང་ཆབས་ཅིག་གསུང་དོན། ཕྱི་དྲིལ་ལས་ཁུངས་ལ་བོད་ནང་གི་དངོས་ཡོད་གནས་ཚུལ་གྱིས་གཙོས་བོད་དོན་དང་འབྲེལ་བའི་གནས་ཚུལ་ཁག་རྒྱལ་སྤྱིའི་ནང་ཁྱབ་སྤེལ་བྱེད་རྒྱུའི་ལས་འགན་གལ་ཆེ་ཞིག་ཡོད་པར་བརྟེན། ངས་ཟབ་སྦྱོང་འདི་བཞིན་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བྱེད་རྣམས་ལ་ཧ་ཅང་གལ་ཆེ་ཞིག་ཆགས་ཀྱི་ཡོད་པར་ངོས་འཛིན་ཞུ་བཞིན་ཡོད། དེ་རིང་འདིར་ཟབ་སྦྱོང་ཐོག་ཕྱི་དྲིལ་ལས་ཁུངས་ཀྱི་བོད་དབྱིན་གཉིས་ཀྱི་གསར་འགྱུར་སྡེ་ཚན་ཁག འགྲེམས་སྟོན་ཚན་པ། འགྲོ་བ་མིའི་ཐོབ་ཐང་ཚན་པ། སྣར་ཐང་པར་ཁང་། ལས་འཆར་ཚན་པ། ཀམ་པུ་ཊར་ཚན་པ་བཅས་ནས་མཉམ་ཞུགས་གནང་ཡོད།
ཐེངས་འདིའི་ཟབ་སྦྱོང་ནི་དེ་སྔ་སྤྲད་ཟིན་པའི་ཟབ་སྦྱོང་གི་ཁ་སྣོན་ལྟ་བུ་ཆགས་ཡོད། ཕྱི་དྲིལ་ལས་ཁུངས་ཀྱི་ལས་བྱེད་པ་འདི་དག་ལ་འདི་ལྟ་བུའི་ཟབ་སྦྱོང་གནང་དགོས་པའི་དམིགས་ཡུལ་གཙོ་བོ་ནི། ཕྱི་དྲིལ་ལས་ཁུངས་ཀྱི་ལས་བྱེད་རྣམས་དེབ་གཟུགས་བྱུས་འགོད་དང་། པར་རིགས་བཀོད་སྒྲིག་སོགས་དེང་དུས་དང་མཐུན་པའི་ཆེད་ལས་ལས་རིགས་ཐོག་ནུས་པ་གོང་མཐོར་གཏོང་ཐབས་ཆེད་ཡིན། ཕྱི་དྲིལ་ལས་ཁུངས་ཀྱིས་སྐད་ཡིག་འདྲ་མིན་གྱི་ཐོག་དཔེ་དེབ་སྣ་མང་འགྲེམས་སྤེལ་ཞུས་དང་ཞུ་བཞིན་ཡོད། ཉིན་གྲངས་ལྔའི་རིང་གི་ཟབ་སྦྱོང་སྐབས་འབྲེལ་ཡོད་ལས་བྱེད་ཚང་མས་དོ་སྣང་ཆེན་པོ་གནང་རྒྱུ་མ་ཟད། སོ་སོ་རང་ཉིད་གང་ཅིའི་ཐོག་རང་རྐྱ་འཕེར་ཐུབ་པ་ཞིག་བཟོ་རྒྱུའི་འབད་བརྩོན་གནང་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་།
རྩ་བའི་ཟབ་ཁྲིད་པ་སྐུ་ཞབས་ཝི་ཤི་ནུ་ཨ་གར་ཝལ་ལགས་ནི་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཀོ་ཡི་ནིག་ (KOENIG) ཞེས་པའི་ཆེད་ལས་སྦྱོང་བརྡར་བསྟི་གནས་ཁང་ནས་ཆེད་མངགས་གདན་ཞུ་གནང་འདུག ཟབ་སྦྱོང་འདི་བཞིན་ཕྱི་ཟླ་ ༩ ཚེས་ ༧ ཉིན་འགོ་འཛུགས་ཀྱིས་ཕྱི་ཚེས་ ༡༢ བར་གནང་རྒྱུ་ཡིན་འདུག་པ་བཅས། །