༢༠༡༥ ཟླ་ ༩ ཚེས་ ༣༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡ ནས་ ༣ བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་མ་སུ་རི་བོད་ཁྱིམ་སློབ་གྲྭར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་གྱ་སྟོན་སྲུང་བརྩི་ཞུ་རྒྱུའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་འདུག
དེ་ཡང་མ་སུ་རི་བོད་ཁྱིམ་གྱི་གོ་སྒྲིག་འོག་ཕྱི་ཟླ་ ༡༠ ཚེས་ ༢ ནས་ ༤ བར་ཉིན་གྲངས་གསུམ་རིང་སྡེ་ར་ལྡུན་ཉེ་ཁུལ་གྱི་བོད་སློབ་ཁག་བཅུ་མགྲོན་འབོད་ཐོག་རྩེད་སྣ་དང་རིག་གཞུང་འཁྲབ་སྟོན་སོགས་ཀྱི་ལས་རིམ་སྣ་ཚོགས་ཡོད་པ་དང་། སྐུའི་གྱ་སྟོན་སྲུང་བརྩིའི་མཛད་སྒོ་དབུ་འབྱེད་སྐབས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་དང་། མཇུག་བསྡུའི་མཛད་སྒོར་སྐུ་མགྲོན་དུ་ཨུ་ཏཱར་ཁན་ཌ་མངའ་སྡེའི་རྩེད་རིགས་བློན་ཆེན་དྷི་ནེ་ཤི་ཨ་གར་ཝལ་མཆོག ཆེ་བསྟོད་སྐུ་མགྲོན་དུ་ས་གནས་གྲོང་སྡེ་ལས་ཁུངས་ཀྱི་ཚོགས་གཙོ་མན་མོ་ཧན་སིངྒ་མཱལ་མཆོག་ཆེད་ཕེབས་གནང་རྒྱུ་ཡིན་འདུག་པ་བཅས།།