༢༠༡༥ ཟླ་ ༩ ཚེས་ ༡༥ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་ནང་རྟེན་གཞི་བྱས་པའི་ཏཀ་ཤཱ་ཤི་ལ་ཉམས་ཞིབ་བསྟི་གནས་ཁང་ Takshashila Institute དུ་བོད་དོན་དང་འབྲེལ་བའི་གསུང་བཤད་གནང་ཆེད་མགྲོན་འབོད་ཞུས་པ་ལྟར་ཆེད་ཕེབས་གནང་ཡོད་པ་དང་། སྐབས་དེར་གསུང་བཤད་ཀྱི་ལས་རིམ་ཐོག་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་དང་། གཞུང་ཚབ་ཟུར་པ། དེ་བཞིན་མཁས་དབང་དང་ཉམས་ཞིབ་པ་སོགས་མཉམ་ཞུགས་གནང་ཡོད། སྲིད་སྐྱོང་མཆོག་ཁུལ་དེར་ཕེབས་པ་དང་སྟབས་བསྟུན་སྦེང་ལོར་ཁུལ་དུ་སློབ་གཉེར་བྱེད་བཞིན་པའི་བོད་པའི་སློབ་མ་དང་། ཁུལ་དེར་གནས་སྡོད་བྱེད་མཁན་བོད་མི་རྣམས་ལ་གསུང་བཤད་དང་། དེ་བཞིན་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཡོད་པའི་བོད་མིའི་གཞིས་ཆགས་མོན་གྷོ་དང་། ཧོན་སུར། སྦེལ་ཀོབ། ཀོ་ལི་གྷལ་བཅས་སུ་འཚམས་གཟིགས་ཕེབས་ཏེ། མང་ཚོགས་ལ་དབུ་མའི་ལམ་དང་བོད་རྒྱ་འབྲེལ་མོལ། དེ་བཞིན་བཀའ་ཤག་གི་ལྟ་གྲུབ་གསུམ་སྟེ་ཆིག་སྒྲིལ། གསར་གཏོད། རང་ཁ་རང་གསོ་བཅས་ཀྱི་སྐོར་གསུང་བཤད་གནང་ཡོད།
ཕྱོགས་མཚུངས་ཁུལ་དེར་ཡོད་པའི་བོད་མིའི་སློབ་གྲྭ་ཁག་གི་ནང་ཕེབས་ཏེ་ཤེས་ཡོན་གལ་གནད་ཆེན་པོ་ཡིན་པའི་སྐོར་དང་། བཀའ་ཤག་སྐབས་འདིས་ཤེས་ཡོན་གལ་ཆེ་ཤོས་ཤིག་ལ་ངོས་འཛིན་ཞུས་ཏེ། ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་འཆར་གཞི་གསར་པ་བཟོས་ཡོད་ཅིང་། དེང་སྐབས་ཤེས་ཡོན་ཐོག་གང་ལ་གང་ཙམ་ཡར་རྒྱས་ཕྱིན་ཡོད། དེ་ཡང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཡིག་རྒྱུགས་གྲུབ་འབྲས་བརྒྱ་ཆ་ ༧༥ ལོན་མཁན་སློབ་ཕྲུག་ཚོར་སློབ་ཡོན་སྟོང་ཕྲག་ ༤༠ དང་། བརྒྱ་ཆ་ ༨༠ ལོན་ཚེ་སྟོང་ཕྲག་ ༤༥། བརྒྱ་ཆ་ ༨༥ ལོན་ཚེ་སྟོང་ཕྲག་ ༥༠། བརྒྱ་ཆ་ ༩༠ ལོན་ཚེ་སྟོང་ཕྲག་ ༥༥ སྤྲོད་བཞིན་ཡོད། ཚན་རིག་སློབ་ཚན་ལེན་མཁན་གྱི་སློབ་མ་ཚོར་སྒོར་ ༥༠༠༠ འཕར་སྣོན་གྱིས་སྟོང་ཕྲག་ ༦༠ རག་གི་ཡོད། བརྒྱ་ཆ་ཇི་ཙམ་མང་བ་ལོན་ན་དེའི་ཚོད་ཀྱི་སློབ་ཡོན་མང་བ་ཡོད། ཕྱི་ལོ་ ༢༠༡༣ ལོར་མ་སུ་རི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཆོས་སྐྱིད་ཀྱི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ནང་གྲུབ་འབྲས་བརྒྱ་ཆ་ ༩༥།༤ ལོན་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོར་སུ་ཇ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་དགྲ་འདུལ་ལ་བརྒྱ་ཆ་ ༩༥།༨ ལོན་ཡོད་པར་སྲིད་སྐྱོང་གི་སློབ་ཡོན་སྒོར་འབུམ་གཅིག་ཐོབ་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད། །