༢༠༡༥ ཟླ་ ༩ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །ཉི་ཧོང་བའི་པར་པ་ཞིག་གིས་བཟོ་བསྐྲུན་གནང་བའི་ཆུ་ཚོད་གཉིས་ཅན་གྱི་རྒྱ་ཡིག་ཐོག་འགྲེལ་བརྗོད་འཁོད་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ཞིག་བསྟན་འདུག དེ་ཡང་གློག་བརྙན་འདི་ལ་མི་སྣ་བྱེ་བྲག་པ་ཁག་གཅིག་གིས་ཡིད་དབང་ཧ་ཅང་འཕྲོག་སྟེ། ཁོང་རྣམ་པས་གློག་བརྙན་དེ་ཉིད་བལྟ་རྒྱུའི་འཛིན་ཤོག་ཡོངས་རྫོགས་སྡེབ་གཅིག་ལ་མངགས་ཉོས་བྱས་ཏེ་མང་ཚོགས་ལ་རིན་མེད་ཐོག་བགོ་འགྲེམས་བྱས་ཡོད་འདུག
དེ་བཞིན་ཐེ་ཝན་བོད་རིགས་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཀྱང་ཁ་སང་གི་གཟིགས་མོའི་འཛིན་བྱང་ཡོངས་རྫོགས་ཉོས་ཏེ་ཐེ་ཝན་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་སྤྱི་དང་། ལྷག་པར་བོད་དོན་ཐོག་ཡུན་རིང་པོ་ནས་རྒྱབ་སྐྱོར་གནང་མཁན་རྣམས་གདན་ཞུས་གནང་འདུག སྐབས་དེར་ཐེ་ཝན་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་འདྲ་མིན་ནས་ཁྱོན་མི་གྲངས་ ༢༠༠ བརྒལ་བས་ཆུ་ཚོད་ ༧ པའི་གཟིགས་མོའི་ལས་རིམ་གཟིགས་པར་ཆེད་ཕེབས་གནང་ཡོད། གཟིགས་མོ་གྲུབ་རྗེས་དྲི་བ་དྲིས་ལན་གྱི་ལས་རིམ་ཐོག་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་བོད་ཀྱི་ཆོས་དང་བོད་དོན་དང་འབྲེལ་བའི་དྲི་བར་ལན་འདེབས་ཞིབ་ཕྲ་གནང་འདུག །