༢༠༡༥ ཟླ་ ༩ ཚེས་ ༡༩ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༥ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པ་འགོ་འཛུགས་དང་བསྟུན་ཏེ། ཇོ་ནང་གཞིས་བྱེས་གཉིས་ཀྱི་སྐུ་ཚབ་སེར་སྐྱ་མི་གྲངས་ ༡༠༠ ལྷག་གིས་གྲོས་ཚོགས་ཀྱི་ཚོགས་ཁང་མདུན་དུ་ཞུ་འབོད་ལས་འགུལ་སྤེལ་བཞིན་ཡོད། དེ་བཞིན་ཐེངས་འདིར་ཁོང་རྣམ་པས་ཞུ་འབོད་ལས་འགུལ་དང་འབྲེལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ལྷན་ཚོགས་ཀྱི་ངོས་ནས་བསྐྱར་དུ་དགོས་འདུན་དོན་ཚན་ཁག་གཅིག་བཏོན་ཡོད་སྐོར་འགྲེལ་བརྗོད་གནང་ཡོད། ཁོང་རྣམ་པས་མུ་མཐུད་ཞུ་འབོད་ལས་འགུལ་གྲོས་ཚོགས་མདུན་སྤྱི་འཐུས་རྣམ་པ་ཕེབས་ལམ་གྱི་གཡས་གཡོན་དུ་སྤེལ་བཞིན་ཡོད་པར་སོང་། ཕྱི་ཚེས་ ༡༧ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦ པའི་ཐོག་གྲོས་ཚོགས་གྲོལ་རྗེས་སྤྱི་འཐུས་ཚོགས་གཙོ་མཆོག་དང་ཚོགས་གཞོན་མཆོག དེ་བཞིན་སྲིད་སྐྱོང་མཆོག་ཁོང་ཚོའི་མདུན་དུ་ཆེད་ཕེབས་ཀྱིས་གསལ་བཤད་གནང་ཡོད། སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་གསལ་བཤད་གནང་བའི་ནང་། ཕྱི་ཟླ་ ༣ པའི་ནང་ཁྱེད་ཚོར་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་གྲངས་ ༡༧ བྱུང་ཡོད། ཡིན་ན་ཡང་ད་ཆ་རྒྱབ་སྐྱོར་བྱེད་མཁན་གྱི་མི་གྲངས་ཉུང་དུ་ཕྱིན་ཡོད་སྐོར་དང་། གནད་དོན་ག་འདྲ་ཞིག་ཡིན་ནའང་མང་གཙོའི་འགྲོ་ལུགས་ལྟར་བྱེད་དགོས་པས། གྲོས་ཚོགས་ཀྱི་ཐག་གཅོད་དེ་འདྲ་བྱུང་ཡོད། རྣམ་པ་ཚོས་དགོངས་པ་བཞེས་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། མ་འོངས་པར་ག་འདྲ་ཡོང་དེའི་སྐབས་བལྟ་རྒྱུ་རེད། གཅིག་གིས་གཅིག་ལ་ལག་པ་འཇུ་བ་དེ་འདྲ་བྱས་ན། གནས་སྟངས་སྡུག་ཏུ་འགྲོ་བ་ལས་ཡག་ཏུ་འགྲོ་ཡི་མི་འདུག སྤྱི་འཐུས་ཚོར་དེའི་ཐོག་བསམ་ཚུལ་ཤུགས་ཆེན་པོ་འདུག ཅེས་དང་།
ཡང་ཁོང་གིས་ཇོ་ནང་པས་དགོས་འདུན་དོན་ཚན་བཞིའི་ཐོག་གསལ་བཤད་གནང་དོན། ཁྱེད་ཚོས་སྙན་ཞུ་དགོས་འདུན་བཞི་ཅན་ཞིག་བཏང་བའི་ནང་གི དང་པོ། ༧གོང་ས་མཆོག་གི་བཀའ་སློབ་དང་བླ་ཆེན་རྣམ་པའི་རྒྱབ་སྐྱོར་བཀའ་ཡིག་དེ་ཚོ་བརྩིས་མེད་བཏང་སོང་ཟེར་བ་དེ་དངོས་གནས་མ་རེད། ང་ཚོས་ཡིག་ཐོག་ནས་ཕུལ་ཡོད། འགན་མ་འཁྱེར་བ་དང་བརྩིས་མེད་བཏང་བ་ཡིན་ན་གྲོས་ཚོགས་ནང་གནད་དོན་དེ་བསླེབས་ཐུབ་ཀྱི་མ་རེད། གཉིས་པ། ཆོས་ཚོགས་ཐེངས་ ༡༡ པའི་ཐོག་བཞག་པའི་གྲོས་ཆོད་དང་སྐབས་བཅོ་ལྔ་པའི་སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་ལགས་ཀྱིས་གསུང་པ་དེ་ཚོར་གྲོས་ཚོགས་ནས་གསལ་བཤད་དགོས་ཞེས་གསུངས་ཡོད། སྤྱི་འཐུས་རྣམ་པས་བགྲོ་གླེང་དང་དགོངས་འཆར་ཇི་གནང་རྣམས་དོ་བདག་སྤྱི་འཐུས་སོ་སོས་འགན་འཁུར་ཁུངས་སྐྱེལ་གནང་རྒྱུ་ཞིག་ལས་སྤྱི་འཐུས་ལྷན་ཚོགས་ནས་ལན་འདེབས་གསལ་བཤད་གནང་ལམ་མེད། དེར་བརྟེན་དེ་ང་ཚོས་ཞུ་ཐུབ་ཀྱི་མ་རེད། གསུམ་པ། དེ་རྗེ་བཙུན་ཁལ་ཁ་རིན་པོ་ཆེ་མཆོག་དང་། མཐའ་མ་རྒྱབ་གཉེར་གཅིག་པུ་མ་ཡིན་པའི་བོད་ནང་ལ་ཆོས་བརྒྱུད་གཞན་གྱི་བླ་མ་དང་དགོན་པ་ཁག་གི་རྒྱབ་གཉེར་ཡི་གེ་དེ་དག་ང་ཚོས་བལྟས་པ་ཡིན། དེ་དག་ལ་བལྟས་ནས་གནས་སྟངས་ཚང་མ་གྲོས་ཚོགས་ནང་ཕྱོགས་བསྡུས་བྱས་ཡོད། རྒྱབ་གཉེར་ཡི་གེ་དེ་ཚོ་མ་བལྟས་པའི་རྒྱུ་མཚན་གང་ཡང་མ་རེད། བཞི་པ། སྤྱི་འཐུས་ལྷན་ཚོགས་དགོས་ཀྱི་ཡོད་པ། ཁྱེད་རང་ཚོར་ད་གིན་དོན་ཚན་དེའི་སྐོར་སྐད་ཆ་དྲིས་སྐབས། ཆོས་དོན་ལྷན་ཚོགས་ཀྱི་སྒྲིག་གཞི་བསྐྱར་བཅོས་དགོས་ཀྱི་ཡོད་པ། སྤྱི་འཐུས་ཀྱི་ཐོབ་ཐང་དགོས་པ་སོགས་གསུངས་ཡོད། ཆོས་དོན་ལྷན་ཚོགས་ཀྱི་སྒྲིག་གཞི་ཡོད་རུང་ད་ལྟ་བར་དུ་སྒྲིག་གཞི་དེ་ལག་བསྟར་བྱེད་ཐུབ་མེད། ད་ལྟའི་ཆ་ལ་གནས་སྟངས་འདི་འདྲ་ཞིག་ཆགས་ཡོད་སྟབས། སྒྲིག་གཞི་དེ་ཉིད་ལག་བསྟར་བྱེད་ཐུབ་ཀྱི་མེད་སྟབས་དེ་ཉིད་ཕྱིར་བསྡུ་བྱ་དགོས་ཀྱི་འདུག་གམ་མི་འདུག ཅེས་པའི་སྐད་ཆ་དེ་འདྲ་བྱུང་ཡོད། ཇོ་ནང་པ་དེ་ལྟ་གྲུབ་རང་རྐྱ་འཕེར་བའི་ཆོས་བརྒྱུད་ཅིག་ཡིན་པ་དེ་མ་རེད་ཅེས་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་སུ་གཅིག་གིས་ལབ་མྱོང་མེད། དེ་ལ་ངོས་ལེན་ཡོད། ཟམ་གདོང་རིན་པོ་ཆེ་བཀའ་བློན་ཁྲི་པ་ཡིན་པའི་སྐབས་ཀྱི་གནས་སྟངས་དེར་ད་དུང་འགྱུར་བ་སོང་མེད། རིན་པོ་ཆེའི་ཕྱག་བྲིས་ནང་ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་མཐུན་འགྱུར་ག་རེ་དགོས་ནའང་དེ་སྔོན་སྦྱར་ཡོད། མ་འོངས་པར་སྦྱར་གྱི་ཡིན། སྤྱི་འཐུས་མ་རག་པའི་རྒྱུ་མཚན་གྱིས་ཇོ་ནང་པའི་ལུང་རྟོགས་བསྟན་པ་ལ་ཉམས་རྒུད་འགྲོ་བ་གང་ཡང་མཐོང་གི་མེད། མ་འོངས་པར་བསམ་བློ་བཏང་ནས་ད་ཐེངས་འདིར་བཞུགས་མི་དགོས་པ་བྱུང་ན་ཡག་པོ་ཡོང་བ་འདུག་ཅེས་འབོད་སྐུལ་ཞུ་གི་ཡོད། གལ་ཏེ་རྣམ་པ་ཚོ་མུ་མཐུད་བཞུགས་རྒྱུ་ཡིན་གསུང་གི་ཡོད་ན། སྐུ་མཁྱེན། ཕྱོགས་གཅིག་ལ་བཞུགས་པ་ལས། སྤྱི་འཐུས་ཚོའི་ཕེབས་ལམ་སྟོང་པར་འཇོག་རོགས། དེ་བཞིན་སྤྱི་འཐུས་རྣམ་པའི་ལག་པར་འཇུ་བ་སོགས་སུས་བྱས་ཀྱང་ནོར་འཁྲུལ་ཆེན་པོ་རེད། གནས་ཚུལ་འདིའི་འོག་བོད་སྤྱི་ལ་མཐོང་སྟངས་དང་། བོད་ནང་གི་ཇོ་ནང་པས་དགོངས་པ་བཞེས་སྟངས། ཁྱེད་རང་ཚོས་འགྲེལ་བཤད་རྒྱག་སྟངས་ལ་རག་ལུས་ཀྱི་རེད། གནད་དོན་ག་འདྲ་ཞིག་ཡིན་ནའང་མང་གཙོའི་འགྲོ་ལུགས་ལྟར་བྱེད་དགོས་པས། གྲོས་ཚོགས་ཀྱི་ཐག་གཅོད་དེ་འདྲ་བྱུང་ཡོད། རྣམ་པ་ཚོས་དགོངས་པ་བཞེས་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཅེས་གསུངས་ཡོད།
ཡང་སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་དོན། མང་གཙོའི་འགྲོ་ལུགས་ལྟར་ཁྲིམས་བཟོ་ལྷན་ཚོགས་ནས་ཐག་གང་བཅད་པ་དེ་འཛིན་སྐྱོང་གིས་ལག་བསྟར་བྱེད་དགོས་རེད། སྐབས་རེ་བཀའ་ཤག་ཡིན་ནའང་གྲོས་ཚོགས་ནང་གྲོས་ཆོད་ཁྱེར་སྐབས། རྒྱབ་སྐྱོར་ཐོབ་པ་དང་མ་ཐོབ་པ་གཉིས་ཀ་ཡོང་གི་ཡོད། མང་གཙོའི་སྒྲིག་འཛུགས་ལ་བརྩི་བཀུར་ཞུ་དགོས་རྒྱུ་གལ་ཆེན་པོ་རེད། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས་དེ་སྔ་ཁྱེད་རྣམ་པར་ཕྱག་བྲིས་ཤིག་གནང་སྟེ་ཐུགས་ཐག་གང་བཅད་ཡོད་པ་དེ་བཞིན་ད་ལྟའི་བཀའ་ཤག་གིས་ལག་བསྟར་བྱེད་ཀྱི་ཡོད། དམིགས་བསལ་ཚོགས་ཆེན་སྐབས་ཡིན་ནའང་ས་གནས་ཚང་མའི་སྐུ་ཚབ་ཡོད་པ་བཞིན། ཇོ་ནང་གི་སྐུ་ཚབ་ལའང་ཞབས་སྟེགས་གནང་ཡོད། དེ་ལྟར་གནང་དགོས་དོན་ནི། དམིགས་བསལ་ཚོགས་ཆེན་སྐབས་དགོངས་ཚུལ་གང་ཡོད་པ་རྣམས་དམངས་ཀྱིས་དགོངས་ཚུལ་ཡིན་པ་མཚོན་གྱི་ཡོད། དེར་བརྟེན་ཇོ་ནང་ངོས་ནས་གང་གསུང་རྒྱུ་ཡོད་ན་སྡིངས་ཆ་ཞིག་བསྐྲུན་ཡོད། དེ་བཞིན་ཆོས་བརྒྱུད་ཁག་གི་བླ་ཆེན་ཁག་གི་ཚོགས་ཆེན་སྐབས་ཡིན་ནའང་ཇོ་ནང་ཆོས་བརྒྱུད་ལ་ཞབས་སྟེགས་གཉིས་ཕུལ་ཡོད། དེ་ལྟར་རང་རྐྱ་འཕེར་བའི་ཆོས་བརྒྱུད་གཅིག་ལ་བརྩི་ཡི་ཡོད་ལ་མཐུན་རྐྱེན་ཡང་སྦྱར་གྱི་ཡོད་ཅེས་པ་དེ་ཡིག་ཐོག་གཅིག་པུ་མ་ཡིན་པར། ༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་ལག་བསྟར་བྱས་དང་བྱེད་མུས་ཡིན། ཆུང་ཙག་ཐོག་ནས་སློབ་ཡོན་དང་རིགས་གཅིག་རྐང་འཛིན་ག་རེ་གནང་གི་ཡོད་ནའང་། ཆོས་བརྒྱུད་སྤྱི་ཡོངས་ལ་ཕུལ་བ་དེ་ཇོ་ནང་ལ་ཡང་གནང་གི་ཡོད། ང་ཚོའི་ངོས་ནས་མཐུན་རྐྱེན་ག་རེ་དགོས་ནའང་མུ་མཐུད་སྦྱར་གྱི་ཡིན། བཀའ་ཤག་ངོས་ནས་བརྗོད་རྒྱུར་ཁྱེད་རྣམ་པས་གནས་ཚུལ་མ་ལྷག་པར་འབད་བརྩོན་གནང་ན་ཡག་གི་རེད། བོད་པ་ནང་ཁུལ་དུ་གནས་ཚུལ་བྱུང་འདུག་ཟེར་བ་ཞིག་བྱུང་ན། སྤྱི་ཡོངས་ལ་བློ་ཕམ་ཡོང་རྒྱུ་ཞིག་ཆགས་ཀྱི་རེད། དེར་བརྟེན་དགོངས་པ་རྒྱ་ཆེན་པོ་བཞེས་རོགས་གནང་། ཞེས་གསུངས་འདུག