༢༠༡༥ ཟླ་ ༩ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢༥ ཉིན་ཇོ་ནང་ཆོས་བརྒྱུད་ཀྱི་གྲོས་ཚོགས་འཚོགས་བཞིན་པའི་སྐབས་དང་བསྟུན་ཞུ་འབོད་དང་ཟས་བཅད་ལས་འགུལ་སྤེལ་བ་མཚམས་འཇོག་གནང་ཡོད།
དེ་ཡང་དེ་རིང་སྔ་དྲོ་ཆུ་ཚོད་ ༡༡ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་བཅས་ཀྱིས་ཁོང་རྣམ་པར་ཆབ་མངར་གནང་བཞེས་ཀྱིས་ཞུ་འབོད་ལས་འགུལ་རེ་ཞིག་མཚམས་འཇོག་བྱས་ཡོད། སྐབས་དེར་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོས་ལས་འགུལ་མཚམས་འཇོག་དགོས་དོན་གཙོ་བོ་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་དང་། བཀའ་སྤྱི་གཉིས། དེ་བཞིན་ཇོ་ནང་བསྟན་བདག་བཅས་ནས་བཀའ་ཕེབས་པ་བཞིན་དེ་ལྟར་མཚམས་འཇོག་བྱས་སྐོར་འགྲེལ་བརྗོད་བྱས་ཡོད།
སྤྱིར་ཇོ་ནང་པའི་དགོས་འདུན་དོན་ཚན་བདུན་ནས་ཁག་གཅིག་ལ་བཀའ་སྤྱི་གཉིས་ནས་དགོངས་བཞེས་གནང་ཡོད་ཀྱང་ཆོས་བརྒྱུད་སྤྱི་མཚུངས་ལྟར་སྤྱི་འཐུས་ས་དམིགས་གནང་རྒྱུའི་ཐད་བོད་མི་མང་སྤྱི་འཐུས་སྐབས་ ༡༥ གྲོས་ཚོགས་ཚོགས་དུས་ ༩ པར་ཐག་གཅོད་སྔོན་ཟིན་ལྟར་རང་འཇགས་གནས་རྒྱུ་ལས། སྤྱི་འཐུས་སྐབས་ ༡༥ པའི་དུས་ཡུན་རིང་གྲོས་ཚོགས་སུ་ཁྲིམས་ཡིག་བསྐྱར་བཅོས་བསྣམ་རྒྱུ་མིན་པ་ཐག་གཅོད་བྱུང་འདུག
དེ་སྔོན་གནས་ཚུལ་སྤེལ་བ་ལྟར་གནད་དོན་འདིའི་ཐོག་ཐེངས་འདིའི་སྤྱི་འཐུས་ལྷན་ཚོགས་ནས་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་དང་། ཉེ་སྔོན་སྤྱི་འཐུས་སྐབས་ ༡༥ གྲོས་ཚོགས་ཚོགས་དུས་ ༩ པའི་སྐབས་ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ལྟར་སྤྱི་འཐུས་ས་དམིགས་གནང་རྒྱུའི་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་བསྣམས་པ་ལྟར་ཁྲིམས་འཆར་ཚུད་དེ་བགྲོ་གླེང་གི་གོ་སྐབས་ཕུལ་ནའང་བཞེས་མཁན་མ་བྱུང་སྟབས། མཐའ་མ་འོས་བསྡུ་གནང་བར་ཁྲིམས་འཆར་ཐོན་རྒྱུའི་དགོས་ངེས་བརྒྱ་ཆ་མ་ལོན་པར་བརྟེན་ཁོང་རྣམ་པའི་དགོས་འདུན་སྒྲུབ་མེད་པ་བཅས།།