ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༥ རེས་གཟའ་མིག་དམར།
སྔོན་གླེང་།
༄༅། །བོད་གངས་ཅན་ལྗོངས་སུ་རྒྱ་གཞུང་གིས་དྲག་གནོན་ཁོ་ནའི་སྲིད་བྱུས་ལག་བསྟར་བྱས་པའི་ཉེར་ལེན་ལ་བརྟེན་ནས་ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་བོད་རྔ་པ་རྫོང་གི་རང་ལོ་ ༢༧ སོན་པ་གྲྭ་བཀྲ་བྷེ་ལགས་ནས་བཟུང་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༥ བར་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་མི་གྲངས་ ༡༣༦ བྱུང་ཡོད་པ་རྣམས་ལ་སྔོན་དུ་གྲོས་ཚོགས་ཚོགས་དུས་ ༩ པ་བར་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་སྣོལ་འཇོག་ཞུས་ཟིན་པ་དང་། དེའི་རྗེས་སུའང་བོད་མིའི་ཆོས་སྲིད་རང་དབང་གི་ཆེད་དུ་རང་ལུས་མེར་བསྲེགས་མུ་མཐུད་གཏོང་གནང་མཁན་ (༡༣༧) ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༨ ཉིན་ཁམས་དཀར་མཛེས་ཀྱི་རང་ལོ་ ༤༧ སོན་པ་ཡེ་ཤེས་མཁའ་འགྲོ་ལགས་དང་། (༡༣༨) ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡༦ ཉིན་མདོ་སྨད་རྔ་པ་རྫོང་གི་རང་ལོ་ ༤༥ སོན་པ་དམ་དཀར་རམ། གནས་སྐྱབས་ལགས། (༡༣༩) ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༠ ཉིན་ཁམས་རྟའུ་རྫོང་གི་རང་ལོ་ ༣༥ སོན་པ་བསྟན་འཛིན་རྒྱ་མཚོ་ལགས། (༡༤༠) ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༧ ཉིན་མདོ་སྨད་ཅོ་ནེ་རྫོང་གི་རང་ལོ་ ༣༦ སོན་པ་སངས་རྒྱས་མཚོ་ལགས། (༡༤༡) ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༩ ཉིན་ཁམས་སྐྱེ་རྒུ་མདོ་ཡི་གྲྭ་རང་ལོ་ ༢༦ སོན་པ་བསོད་ནམས་སྟོབས་རྒྱལ་ལགས། (༡༤༢) ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༧ ཉིན་མདོ་སྨད་བསང་ཆུ་རྫོང་བསང་ཁོག་ཡུལ་ཚོའི་དངུལ་ར་སྡེ་པ་ཡི་རང་ལོ་ ༥༥ ཙམ་སོན་པ་བཀྲ་ཤིས་སྐྱིད་ལགས་བཅས་ད་བར་ཤེས་རྟོགས་ར་འཕྲོད་གསལ་པོ་བྱུང་བ་ཁྱོན་བོད་མི་སེར་སྐྱ་གྲངས་ ༡༤༢ ཀྱིས་རང་ལུས་མེར་བསྲེགས་གནང་ཡོད། དེ་དག་གི་ཁྲོད་ནས་མི་གྲངས་ ༡༢༢ ཀྱི་སྐུ་སྲོག་ཤོར་ཡོད་པ་དང་། ལྷག་མའི་མི་གྲངས་ ༢༠ ཡི་འདས་གསོན་གནས་སྟངས་གསལ་ཁ་ཡོང་ཐུབ་ཀྱི་མེད།
རྒྱ་གཞུང་གིས་བོད་ནང་རང་ལུས་མེར་བསྲེགས་ཀྱི་འབྱུང་རྐྱེན་རྒྱལ་ཁབ་ཕྱི་ལོགས་ཀྱི་ཆབ་སྲིད་དང་ཆོས་ལུགས་ལས་རིགས་ཁག་ནས་ངན་སྐུལ་བྱས་པ་ཡིན་ལུགས་སོགས་མ་རུངས་ཁོག་བཅངས་ཀྱི་དྲིལ་བསྒྲགས་སྣ་ཚོགས་རྒྱ་ནག་ནང་དང་། རྒྱལ་སྤྱིའི་ཐོག་སྤེལ་དང་སྤེལ་བཞིན་པ་མ་ཟད། བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་ལུས་མེར་བསྲེགས་བཏང་གནང་བའི་དཔའ་བོ་དཔའ་མོ་དེ་རྣམས་ལ་མཚན་ཤས་ཀྱི་དྲིལ་བསྒྲགས་ལོག་པ་སྤེལ་ཏེ། བོད་ཡུལ་སྟོད་སྨད་བར་གསུམ་ཁྱོན་ཡོངས་སུ་དྲག་པོའི་དམག་གྲབས་འོག་མི་རིགས་དབྱེ་འབྱེད་དང་། མཐོང་ཆུང་། ཁྱད་གསོད་སོགས་མདོར་ན། བོད་རིགས་བོད་སར་གནས་མི་ཐུབ་པ་དང་། བོད་ཡུལ་རྒྱ་ཡུལ་ཅན་དུ་བསྒྱུར་བའི་སྲིད་བྱུས་ཤིག་མངོན་གསལ་དོད་པོས་ལག་བསྟར་བྱེད་བཞིན་ཡོད་སྟབས། བོད་ཀྱི་ས་ཁུལ་འདྲ་མིན་ནང་ཉེས་མེད་ཉེས་འཛུགས་ཀྱིས་བོད་མི་ཇི་ཙམ་བསད་ཡོད་མེད་དང་། འཛིན་བཟུང་བཀག་ཉར། བཙོན་འཇུག་མནར་གཅོད་ཇི་ཙམ་བྱས་དང་བྱེད་བཞིན་ཡོད་མེད་ཀྱི་གནས་ཚུལ་ཆ་ཚང་བ་ཞིག་ཤེས་རྟོགས་མི་ཐུབ་པའི་གནས་སུ་གྱུར་ཡོད། བོད་བསྟན་སྲིད་མི་རིགས་ཀྱི་བདེ་རྩའི་སླད་རང་ཉིད་ཀྱི་ལུས་སྲོག་ལོངས་སྤྱོད་ཡོངས་སུ་བློས་གཏོང་གནང་མཁན་རྣམས་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེ་ཉིད་ཀྱིས་གཙོས་རྒྱ་ནག་གཞུང་གི་བཙོན་འོག་ཏུ་འདས་གྲོངས་སུ་སོང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་རྒྱ་དམར་གཞུང་གིས་ཡོངས་གྲགས་མིན་པའི་ཐོག་ནས་སྲོག་ཐོག་གི་ཉེས་ཆད་བཏང་བ་བྱུང་ཡོད། རྒྱལ་གཅེས་དཔའ་བོ་དཔའ་བོ་ཁོང་རྣམས་ནི། བོད་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་སུ་ཇི་སྲིད་བསྐལ་པའི་བར་བརྗེད་དཀའ་ཞིང་འོད་སྟོང་འབར་བའི་ལེ་ཚན་ཞིག་ཏུ་གནས་ངེས་པས་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་ཅིག་འཇོག་དགོས་དུས་ཀྱི་དགོས་མཁོ་གལ་ཆེར་མཐོང་།
གྲོས་ཆོད།
རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། ཁོང་རྣམས་ཀྱིས་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་ཐེག་མཆོག་འཁོར་ལོ་བཞི་ལྡན་གྱི་རྟེན་བཟང་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་། འཚིགས་སྲེག་དང་། རྨས་སྐྱོན་ཕོག་པ། རྒྱ་ནག་གི་འཛིན་བཟུང་བཀག་བསྐྱིལ་འོག་ཚུད་པ་རྣམས་མགྱོགས་ནས་མྱུར་དུ་གློད་བཀྲོལ་ཐོག འདས་གསོན་དེ་དག་དང་ཁོང་རྣམ་པའི་ཤུལ་ལུས་ནང་མི་ལྟོས་བཅས་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་། འདས་གསོན་དཔའ་བོ་དཔའ་མོ་ཁོང་རྣམས་ཀྱི་མངོན་འདོད་ལྟར། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་གངས་ཅན་ཞིང་དུ་༸ཞབས་སོར་བདེ་བར་འཁོད་ཐུབ་པ་དང་། གཞིས་བྱེས་བོད་མི་ཡོངས་ལ་རང་དབང་གི་ཉི་མ་མགྱོགས་ནས་མྱུར་དུ་ཤར་བའི་མཆོག་གསུམ་༸རྒྱལ་བ་རྒྱ་མཚོར་གདུང་ཤུགས་དྲག་པོས་གསོལ་འདེབས་ཞུ་རྒྱུ་བཅས་ཀྱི་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༥ ལ།།
གྲོས་འཆར་འདོན་མཁན་སྤྱི་འཐུས་རྒྱ་རིགས་ཐར་ལགས།