ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༥ རེས་གཟའ་མིག་དམར།
སྔོན་གླེང་།
༄༅། །རྒྱ་གར་སྲིད་འཛིན་ཟུར་པ་སྐུ་ཞབས་ཨེ་པི་ཇི་ཨབ་རྡུལ་ཀ་ལམ་ Dr. A.P.J Abdul Kalam མཆོག་གློ་བུར་སྙུན་བཞེས་རྐྱེན་པས་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༢༧ ཉིན་དགུང་གྲངས་ ༨༣ ལ་ཕེབས་པའི་ཐོག་རྒྱ་གར་བྱང་ཤར་མངའ་སྡེ་མེ་གྷ་ལ་ཡའི་རྒྱལ་ས་ཤིས་ལོངས་སུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་དང་། དམ་པ་ཁོང་ནི་ཕ་ཇེ་ནུ་ལ་རྦི་ཌིན་ མཱ་རཱ་ཀ་ཡར་Jainulabiddin Marakayar དང་། མ་ཨ་ཤི་ཡེམ་མཱ་ཇེ་ནུ་ལ་རྦི་ཌིན་ Ashiamma Jainulabiddin གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༣༡ ཟླ་ ༡༠ ཚེས་ ༡༥ ཉིན་རྒྱ་གར་ལྷོ་ཕྱོགས་ཊ་མིལ་ན་དུའི་ཁ་ཆེའི་ཁྱིམ་ཚང་དབུལ་པོ་ཞིག་ནང་སྐུ་འཁྲུངས་ཤིང་། ཆུང་དུས་ནས་ནང་མིའི་འཚོ་བའི་རོགས་ཕན་ཆེད་སློབ་ཞོར་དུ་ཚགས་ཤོག་ཚོང་འགྲེམས་གནང་། འོན་ཀྱང་དམ་པ་ཁོང་ནི་བློ་གྲོས་དང་བརྩོན་འགྲུས་གཉིས་ལྡན་གྱི་སློབ་མ་ཞིག་ཡིན་པ་དང་། ཨང་རྩིས་དང་དངོས་ཁམས་རིག་པར་ཤིན་ཏུ་ནས་དགའ་མོས་ཅན་ཞིག་ཡིན། འབྲིང་རིམ་སློབ་གྲྭ་ཆ་ཚང་མཐར་ཕྱིན་རྗེས་ཏི་རུ་ཅཱི་ར་པཱ་ལི་ Tiruchirappalli ས་གནས་ཀྱི་སེནཊ་ཇོ་སེབ་ Saint Joseph’s མཐོ་རིམ་སློབ་གྲྭར་ཕེབས་པ་དང་། ཕྱི་ལོ་ ༡༩༥༤ ལོར་མ་རྡ་ར་ས་གཙུག་ལག་སློབ་གཉེར་ཁང་ལ་ University of Madras དངོས་ཁམས་རིག་པའི་སློབ་ཚན་ཐོག་གཙུག་ལག་རབ་འབྱམས་པའི་ཕྱག་ཁྱེར་བཞེས། ཕྱི་ལོ་ ༡༩༥༥ ནས་ ༡༩༦༠ བར་མ་རྡ་ར་ས་བཟོ་ལས་རིག་རྩལ་སློབ་གཉེར་ཁང་ Madras Institute of Technology ལ་བར་སྣང་སྟོང་ཆ་བཟོ་བསྐྲུན་རིག་གནས་ཐོག་སློབ་སྦྱོང་གནང་། ཕྱི་ལོ་ ༡༩༦༣ ནས་ ༡༩༦༤ རིང་ NASA’s Langley Research Center ཞིབ་འཇུག་ལྟེ་གནས་ཁང་དང་། Goddard Space Flight Center བར་སྣང་འཕུར་གྲུ་ལྟེ་གནས་ཁང་བཅས་ལ་ཞིབ་འཇུག་སློབ་སྟོན་གནང་། ཕྱི་ལོ་ ༡༩༦༥ ལོར་ཐོག་མར་ Defence Research and Development Organisation (DRDO) ལ་མེ་ཤུགས་འཕུར་མདའ་བཟོ་སྐྲུན་ལས་གཞི་རང་རྐང་འགན་ལེན་ Rocket Project ཐོག་ལ་ཕྱག་ལས་གནང་། ཕྱི་ལོ་ ༡༩༦༩ ལོར་དམ་པ་ཁོང་ནས་བཟོ་སྐྲུན་རིག་གནས་ཀྱི་ལས་འཆར་ཐོག་རྒྱ་བསྐྱེད་གནང་བར་གཞུང་འབྲེལ་གྱི་གཏན་འབེབས་དང་། གཞན་ཡང་ལོ་དེ་གའི་ནང་རྒྱ་གར་བར་སྣང་ཉམས་ཞིབ་ལྷན་ཚོགས་ནང་མི་བཟོས་སྲུང་སྐར་གཏོང་བྱེད་འཕུར་འཁོར་ཐོག་མའི་ First Sattellite Launch Vehicle ལས་འཆར་འགན་འཛིན་དུ་བསྐོ་གཞག་གནང་། ཕྱི་ལོ་ ༡༩༧༠ ནས་ ༡༩༩༠ བར་དུ་དམ་པ་ཁོང་ནས་ Polar Sattellite Launch Vehicle (PSLV) དང་ SLV-III projects གཉིས་ལ་ཡར་རྒྱས་གོང་མཐོར་གཏོང་ཆེད་ནུས་ཤུགས་བཏོན་གནང་བར་གྲུབ་འབྲས་ལེགས་སོན་བྱུང་། ཕྱི་ལོ་ ༡༩༩༢ ཟླ་ ༧ ནས་ཕྱི་ལོ་ ༡༩༩༩ ཟླ་ ༡༢ བར་རྒྱལ་སྲུང་ཉམས་ཞིབ་དང་ཡར་རྒྱས་ལས་གཞི་ཁང་ DRDO གཉིས་ཀྱི་དྲུང་ཡིག་བཅས་སུ་ཚན་རིག་སློབ་སྟོན་པའི་གཙོ་འགན་བཞེས། ཕྱི་ལོ་ ༢༠༠༢ ཟླ་ ༧ པའི་ཚེས་ ༢༥ ནས་ཕྱི་ལོ་ ༢༠༠༧ ཟླ་ ༧ ཚེས་ ༢༥ བར་རྒྱ་གར་གྱི་སྲིད་འཛིན་བཅུ་གཅིག་པར་བསྐོ་འདེམས་བྱུང་། སྐབས་དེར་དམ་པ་ཁོང་ནི་རང་གཤིས་བཟང་ལ་ཁེངས་སེམས་ཕྲ་མོ་ཙམ་ཡང་མེད་པར་བརྟེན་མང་ཚོགས་རྣམས་ཀྱིས་ཁོང་ལ་མི་མང་གི་སྲིད་འཛིན་ཞེས་ཧ་ཅང་དགའ་འབོད་བྱ་ཡུལ་ཞིག་ཏུ་གྱུར་ཡོད། དམ་པ་ཁོང་སྲིད་འཛིན་གྱི་ལས་གནས་འཁྱུར་ཟིན་རྗེས་སུའང་། རྒྱ་གར་དང་། རྒྱལ་སྤྱིའི་མཐོ་སློབ་དང་ལྷན་ཚོགས་མང་པོ་ཞིག་གི་གདན་ཞུའི་སློབ་དཔོན་ Visiting Professor གནང་ཡོད། ཕྱི་ལོ་ ༢༠༡༢ ལོར་འཕྲོད་བསྟེན་ལྟ་སྐྱོང་ལས་གཞིའི་ཆེད་མཐའ་འཁོབ་ས་གནས་སུ་གློག་ལས་ཐོ་དེབ་བཟོ་དབྱིབས་བཟོ་སྐྲུན་གནང་བ་དང་། གློག་ལས་ཀྱི་མིང་ལའང་ “Kalam-Raju Tablet” ཞེས་པ་མིང་བཏགས།
མདོར་ན་དམ་པ་ཁོང་ནི། རྒྱ་གར་གྱི་ཚན་རིག་མཁས་པ་ཞིག་ཡིན་པ་མ་ཟད། རྒྱ་གར་གྱི་ཚན་རིག་ཡར་རྒྱས་རིམ་པ་གསར་པ་ཞིག་ལ་བཀྲི་བར་མཛད་མཁན་ཞིག་དང་ཕུལ་དུ་བྱུང་བའི་དེང་རབས་རྒྱ་གར་གྱི་རྣམ་དཔྱོད་ཅན་དཔེ་མཚོན་ཞིག་ཆགས་ཡོད། ཁོང་སྐུ་ཚེ་མ་ཟིན་པ་འདི་རྒྱ་གར་ཙམ་མ་ཟད་འཛམ་གླིང་ཁྱོན་ཡོངས་ལ་གྱོང་གུན་ཆེན་པོར་གྱུར་ཡོད། ཁོང་གི་སྐུ་ཚེ་ཧྲིལ་པོའི་རིང་ཤེས་ཡོན་ཡར་རྒྱས་ཆེད་འབད་འབུངས་གནང་དོན་བཞིན། ཤེས་ཡོན་ཐོག་ཆུ་ཚད་མཐོ་བ་དང་། ཐུགས་གཤིས་གཉོམ་ཆུང་ངང་རང་གི་སྐུ་ཚེ་ཧྲིལ་པོ་རྒྱལ་ཁབ་ཀྱི་དོན་དུ་གཏོང་གནང་གིས་མི་གྲངས་ས་ཡ་མང་པོར་བློ་སྟོབས་སྤེལ་ཡོད། དམ་པ་ཁོང་ནི་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་སྣང་གཤིན་ཅིང་མཇལ་འཕྲད་ཐེངས་ཁ་ཤས་གནང་ཡོད་པ་དང་། སྐབས་དེ་དག་ཏུ་ཚན་རིག་དང་ནང་ཆོས་དབར་གྱི་ཕན་ཚུན་འབྲེལ་བའི་སྐོར་བཀའ་བསྡུར་བགྲོ་གླེང་གནང་བ་དང་། ཁོང་གིས་ནང་ཆོས་ཀྱི་ལྟ་གྲུབ་ལའང་ཐུགས་སྣང་གནང་ཡོད།
གྲོས་ཆོད།
སྐུ་གཤེགས་དམ་པ་དེ་ཉིད་ཀྱི་རླབས་ཆེན་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། དམ་པ་ཁོང་གི་ཕུགས་འདུན་བཟང་པོ་རྣམས་ཡོངས་སུ་འགྲུབ་ཅིང་། ཚེ་རབས་ཀུན་ཏུ་བདེ་ནས་བདེ་བར་བགྲོད་པའི་སྨོན་ལམ་ཤུགས་དྲག་ཞུ་རྒྱུ་དང་། ཤུལ་ལུས་ལྟོས་བཅས་ནང་མི་རྣམས་ལ་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུ་བཅས་ཀྱི་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༥ ལ།།
གྲོས་འཆར་འདོན་མཁན་སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས།