ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༥ རེས་གཟའ་མིག་དམར།
སྔོན་གླེང་།
༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ཟུར་པ་དང་། དགའ་གདོང་སྐུ་རྟེན་བསྟན་འཛིན་དབང་གྲགས་ལགས་ཡུན་རིང་སྙུན་བཞེས་ཀྱིས་ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༩ ཉིན་སྔ་དྲོ་ཆུ་ཚོད་ ༡༠།༥༡ ཐོག་དགུང་གྲངས་ ༧༨ སྟེང་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད། ཁོང་ནི་ཕྱི་ལོ་ ༡༩༣༧ ལོར་ལྷ་ས་དགའ་གདོང་དུ་འཁྲུངས་ཤིང་། ལྷ་ས་སྦྱར་པ་ཁང་གསར་སློབ་གྲྭ་དང་། ཚེ་གླིང་སློབ་གྲྭ་སོ་སོར་བོད་ཀྱི་རིག་གནས་སློབ་སྦྱོང་དང་། རྒྱ་གར་ཀ་སྦུག་སིན་ཊི་ཨ་ཀ་སི་ཊིན་སློབ་གྲྭར་ཨིན་ཡིག་སློབ་སྦྱོང་གནང་། ཕྱི་ལོ་ ༡༩༥༧ ལོར་འབྲས་ལྗོངས་བརྒྱུད་ཀ་སྦུག་ཏུ་འབྱོར། ཕྱི་ལོ་ ༡༩༦༣ ནས་གཞུང་གི་ལས་སྣེར་ཞུགས་ཏེ་ཤེས་རིག་ཁྱབ་ཁོངས་རྩོམ་སྒྱུར་ཁང་དང་། ཕྱི་ལོ་ ༡༩༦༤ ནས་ནང་སྲིད་ཁྱབ་ཁོངས་ཨོ་རི་ས་གཞིས་ཆགས་ཀྱི་བཟོ་འགོ་གནང་། ཕྱི་ལོ་ ༡༩༦༧ ནས་ཨོ་རི་ས་གཞིས་ཆགས་ཀྱི་དོན་གཅོད་གནང་།
ཕྱི་ལོ་ ༡༩༧༠ ནས་བཀའ་ཤག་བཀའ་འཁྲོལ་ལྟར་སྲི་ཞུའི་ལས་བྱེད་པའི་བླང་དོར་དང་ཐོབ་ཐང་གི་སྒྲིག་གཞི་གསར་བཟོའི་ལས་འགན་བཞེས། ཕྱི་ལོ་ ༡༩༧༢།༠༨།༡༨ ནས་ཕྱི་ལོ་ ༡༩༧༤།༠༥།༢༧ བར་བཀའ་དྲུང་དང་ཚོགས་དྲུང་གཅིག་ལྕོགས་གནང་། ཕྱི་ལོ་ ༡༩༨༠ ཟླ་ ༢ ཚེས་ ༨ ནས་འཆར་འབུལ་ཕྱག་རྟགས་རིན་པོ་ཆེའི་དགོངས་དོན་གནས་ལྔ་པའི་ཐོག་སྐུ་སྒེར་དྲུང་ཆེའི་ཕྱག་རོགས་གནང་། ཕྱི་ལོ་ ༡༩༨༦ ལོ་ནས་དགའ་གདོང་སྐུ་རྟེན་གྱི་མཚན་གནས་འཁུར་ལེན་དང་འབྲེལ་སྤྱན་འདྲེན་མཛད་སྒོའི་རིགས་སུ་དེ་སྔའི་སྐུ་རྟེན་རིམ་པའི་གནང་ལམ་ཇི་བཞིན་རྒྱུན་འཛིན་གནང་བ་དང་། ཕྱི་ལོ་ ༡༩༨༧ ཟླ་ ༧ ཚེས་ ༢༥ ཉིན་འཆར་འབུལ་ཕྱག་རྟགས་རིན་པོ་ཆེའི་དགོངས་དོན་སྐུ་རྟེན་གྱི་གདན་ཐོབ་གནས་ལྔ་པར་གནས་སྤར་དང་། ཕོགས་རིམ་གནས་བདུན་པ་ཞུ་འཐུས་བཀའ་ཁྲོལ་གནང་ཡོད་པ་བཅས་མདོར་ན་ཁོང་གི་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་དང་བཅས་པར་སྲི་ཞུ་ཞབས་འདེགས་ལྷག་བསམ་རྣམ་དག་གིས་ཧུར་བསྐྱེད་གནང་བའི་མཛད་རྗེས་ཅན་ཞིག་ཡིན།
གྲོས་ཆོད།
སྐུ་གཤེགས་དེ་ཉིད་ཀྱི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། དམ་པ་དེ་ཉིད་ཀྱི་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་ཐེག་མཆོག་འཁོར་ལོ་བཞི་ལྡན་རྟེན་བཟང་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་། ཤུལ་ལུས་ལྟོས་བཅས་རྣམས་ལ་ཐུགས་གསོ་ཞུ་རྒྱུ་བཅས་ཀྱི་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༥ ལ།།
གྲོས་འཆར་འདོན་མཁན་སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས།