ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༥ རེས་གཟའ་མིག་དམར།
སྔོན་གླེང།
༄༅། །དུས་རབས་ཉེར་གཅིག་པ་འདི་བཞིན་ཞི་བདེ་དང་། འཆམ་མཐུན། མང་གཙོ་བཅས་ཀྱི་དུས་རབས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ནའང་། རྒྱ་ནག་གཞུང་གིས་ད་དུང་མངོན་སུམ་འཛེམས་མེད་ཀྱིས་དྲག་གནོན་དམར་གསོད་དང་། མནར་གཅོད་རྡུང་རྡེག་ཚད་ལས་བརྒལ་བ་བཏང་དང་གཏོང་བཞིན་པའི་སྲིད་བྱུས་ལ་ངོས་ལེན་བྱེད་ཐབས་བྲལ་ཏེ། བོད་མི་རིགས་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཁྲི་ཕྲག་མང་པོས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གིས་ཞི་རྒོལ་གྱི་ལས་འགུལ་མཚམས་མ་ཆད་པར་སྤེལ་གནང་ཡོད།
རྒྱ་གར་འཕགས་པའི་ཡུལ་གྱིས་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་ ༥༦ འགྲོ་བཞིན་པ་དང་། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ཀྱི་སྣོད་བཅུད་ཡོངས་སུ་གཏོར་བཤིག་དང་། སྡུག་སྦྱོང་མནར་གཅོད་སྔར་མ་གྲགས་པ་ལུ་གུ་བརྒྱུད་དུ་བཏང་དང་གཏོང་བཞིན་པའི་མཁྲེགས་འཛིན་དང་། གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོས་ལེན་དང་བཟོད་ཐབས་བྲལ་ཏེ་བོད་ནང་གི་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་ཀྱི་ཞི་རྒོལ་གྱི་ལས་འགུལ་རྒྱུན་ཆད་མྱོང་མེད་པ་མ་ཟད། ལྷག་པར་དུ་ས་བྱི་ཞི་རྒོལ་ཆེན་མོ་དང་། ༢༠༠༩ ལོ་ནས་བཟུང་རང་ལུས་མེར་བསྲེགས་གནང་མཁན་བོད་མི་སེར་སྐྱ་ཕོ་མོ་གྲངས་ ༡༤༢ བྱུང་ཡོད་པ་དང་། ལོ་འདི་ཁོ་ནར་མི་གྲངས་ ༦ བྱུང་ཡོད་པ་འདིས་གསལ་པོར་མཚོན་གྱི་ཡོད། ཁོང་རྣམས་ཀྱི་རེ་བ་དང་མངོན་འདོད་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་གངས་ཅན་ལྗོངས་སུ་གང་མྱུར་༸ཞབས་སོར་འཁོད་ཐུབ་པ་དགོས་རྒྱུ་དང་། བོད་མིར་རང་དབང་དགོས་པ་དེ་ཡིན་པས། རྒྱ་ནག་གི་འགོ་འཁྲིད་ཚོས་ཁ་ནས་ཤོད་པ་ལྟར་དོན་དངོས་ཐོག་བོད་མི་རིགས་ལ་བྱམས་སྐྱོང་གི་ཤ་ཚ་ཡོད་པ་ཡིན་ན། གཞིས་ལུས་བོད་རྒྱ་ཆེའི་མི་མང་གི་སྐོམ་པ་ཆུ་འདོད་ལྟར་གྱི་རེ་འདོད་དང་། གཤིན་པོ་རྣམས་ཀྱི་ཞལ་ཆེམས་བཞིན་རེ་བ་སྐོང་རྒྱུའི་ལས་འགན་ཡོད་པ་ལྟར་བསམ་ཤེས་ངེས་པར་དགོས་ཀྱང་། དེ་ལས་ལྡོག་སྟེ་བོད་ལ་འཛིན་པའི་དམ་དྲག་ཅན་གྱི་སྲིད་བྱུས་ལ་འགྱུར་བ་མེད་པར་མུ་མཐུད་ལག་བསྟར་བྱས་པར་བརྟེན་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་ཀྱིས་ཀྱང་འཚེ་མེད་ཞི་བའི་སྒོ་ནས་གྱེན་ལངས་ཀྱི་ལས་འགུལ་སྣ་ཚོགས་མ་སྤེལ་ཐབས་མེད་དུ་གྱུར་ཡོད།
གཞིས་ལུས་སྤུན་ཟླ་རྣམས་ཀྱིས་ལས་འགུལ་སྤེལ་རིམ་བཞིན་བྱེས་སུ་འཁོད་པའི་བོད་མིའི་སྒྲིག་འཛུགས་དང་། ཚོགས་པ། མི་སྒེར་སོགས་ནས་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་དང་སྤེལ་མུས་ཐོག སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་རིམ་པར་གཞུང་འབྲེལ་མྱ་ངན་གུས་འདུད་དང་། གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་བཞག་ཡོད་ལ། རྒྱལ་སྤྱིའི་ཁྱོན་ནས་ཀྱང་རྒྱལ་ཁབ་མང་པོས་བོད་དོན་ཐོག་གཞུང་འབྲེལ་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པ་དང་། བསྒྲགས་གཏམ་སྤེལ་བ། སེམས་འཚབ་ཡོད་པའི་གཏམ་བཤད་གནང་བས་མཚོན་རྒྱ་ནག་གཞུང་ལ་བོད་ནང་དུ་དམ་དྲག་ཅན་གྱི་སྲིད་བྱུས་མཚམས་འཇོག་དགོས་པའི་རེ་འདུན་དང་། བོད་རྒྱའི་དཀའ་རྙོག་སེལ་ཆེད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་གནང་དགོས་པའི་འབོད་སྐུལ་ཡང་ཤུགས་ཆེ་གནང་ཡོད།
རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱ་འགོ་བཙུགས་པ་ནས་བཟུང་བོད་མི་འབུམ་ ༡༢ ལྷག་དུས་མིན་རྐྱེན་འདས་སུ་བཏང་བ་དང་། ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གིས་དབུས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཁྲི་ཕྲག་མང་པོར་ཉེས་ཞྭ་གཡོགས་ཏེ་འཛིན་བཟུང་བཙོན་འཇུག་གིས་སྡུག་སྦྱོང་མནར་གཅོད་དྲག་པོ་བཏང་བ་དང་། སྲོག་ཐོག་གཏོང་བ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་སོགས་ལ་མ་ཉེས་ཁག་གཡོགས་ཀྱི་ཉེས་འཛུགས་བྱས་ཏེ་འདས་རྐྱེན་ཁ་གསལ་མེད་པར་བཟོས་པ་སོགས་མི་སྤྱོད་ལས་ཡོངས་སུ་འདས་པའི་བྱ་སྤྱོད་ངན་པ་བརྩམས་པ། དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་སྙན་ཐོ་ནང་གསལ་ལྟར་ན། ༡༩༩༢ ནས་ ༢༠༡༥ ཟླ་ ༩ ཚེས་ ༥ བར་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ཉེས་མིང་འོག་འཛིན་བཟུང་གིས་བཙོན་ཁང་དུ་ཚུད་པ་བོད་མི་གྲངས་ ༢༢༡༡ དང་། ཆབ་སྲིད་ཀྱི་ཉེས་མིང་འོག་འཛིན་བཟུང་ཁྲིམས་བཅད་བཏང་བའི་མི་གྲངས་ ༤༥༧ ཙམ་ཟིན་འདུག
དམིགས་བསལ་འདི་ལོའི་ཕྱི་ཟླ་ ༤ པའི་ནང་རྒྱ་ནག་གཞུང་གིས་”བོད་ལྗོངས་འཕེལ་རྒྱས་བགྲོད་ལམ་གྱི་ལོ་རྒྱུས་ཀྱི་གདམ་ག་” ཟེར་བའི་རྒྱབ་ཤ་དཀར་པོའི་དེབ་གཅིག་བཏོན་ནས་དེའི་ནང་། ལམ་ལུགས་རྙིང་པ་བོད་ཀྱི་ལོ་རྒྱུས་སྟེགས་བུ་ནས་ཕྱིར་འཐེན་བྱེད་རྒྱུ་ནི་ལྡོག་ཐབས་མེད་པ་ཞིག་ཡིན་པ། ཞེས་དང་། བོད་གསར་པ་ཡང་དག་པའི་འཕེལ་རྒྱས་འགྲོ་ལམ་ཐོག་བསྐྱོད་པ། “དབུ་མའི་ལམ”གྱི་ངོ་བོ་ནི་ཀྲུང་གོ་ཁ་ཕྲལ་གཏོང་རྒྱུ་དེ་རེད། “ཞི་བདེ”དང “འཚེ་མེད་ཞི་བའི”ལྟར་སྣང་། ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་འཛིན་པའི་སྲིད་ཇུས། ཟེར་བའི་ས་བཅད་ཆེ་ཁག་ལྔ་རུ་ཕྱེས་ཡོད་པ་དང་། དེ་རྗེས་ཕྱི་ཟླ་ ༩ པའི་ནང་། “མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་ལྗོངས་སུ་གྲུབ་འབྲས་ལྡན་པར་ལག་བསྟར་བྱས་པ།” ཟེར་བའི་རྒྱབ་ཤ་དཀར་པོའི་དེབ་གཅིག་ཡང་བསྐྱར་བཏོན་ནས་དེའི་ནང་། བོད་ལྗོངས་ཀྱི་སྤྱི་ཚོགས་རྙིང་པའི་མུན་ནག་དང་རྗེས་ལུས། མདུན་སྐྱོད་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ། རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་ཆབ་སྲིད་ལམ་ལུགས། དམངས་ཀྱི་རང་ཁྱིམ་རང་བདག་ལ་ཁག་ཐེག་ཡོང་བ། དམངས་ཀྱི་བདེ་སྐྱིད་འཚོ་བ་གོང་སྤེལ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་དར་སྤེལ། ཆོས་ལུགས་དད་མོས་རང་དབང་ལ་བརྩི་འཇོག་དང་སྲུང་སྐྱོབ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ། ཟེར་བའི་ནང་དོན་ཁག་བརྒྱད་དུ་ཕྱེས་ཡོད་པ་སོགས་སུ་བོད་ལྗོངས་འཕེལ་རྒྱས་གཏོང་ལུགས་ཀྱི་ལོག་འགྲེལ་དང་རྫུན་སྒྲིག་འཁྱོག་བཤད་སྣ་ཚོགས་བྱས་ཡོད།
འདི་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གྱ་སྟོན་སྲུང་བརྩི་ཞུ་བའི་དུས་སྐབས་ཡིན་པར་བརྟེན་རྒྱ་གཞུང་གིས་བོད་ནང་དམིགས་བསལ་དྲག་དམག་འགྲེམས་འཇོག་བྱས་ཏེ་ཕྱི་ཕྱོགས་ཀྱི་འབྲེལ་ལམ་སོགས་ལ་བཀག་འགོག་ནན་པོ་བྱས་ཡོད་པས་བོད་ནང་གི་ཛ་དྲག་གནས་ཚུལ་ཆ་ཚང་ཤེས་རྟོགས་ཐུབ་དཀའ་ནའང་། བོད་ཀྱི་མདོ་སྟོད་སྨད་ཀྱི་ས་ཁུལ་ཁག་མང་པོ་ཞིག་ནས་བོད་མི་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནང་ཕེབས་རྒྱུའི་རང་དབང་དགོས་སོགས་ཀྱི་སྐད་འབོད་གནང་བར་བརྟེན། རྒྱ་གཞུང་གིས་བོད་མི་ཁག་ཅིག་འཛིན་བཟུང་བཙོན་འཇུག་བྱས་ཡོད།
ཟླ་བ་ ༨ ཚེས་ ༡ རྒྱ་ནག་གི་དམག་འཛུགས་དུས་ཆེན་ཟེར་བའི་ཉིན་ཁམས་འབྲི་རུར་བོད་མི་རྣམས་ལ་གཅན་གཟན་པགས་རིགས་གྱོན་ནས་འཁྲབ་སྟོན་བྱེད་དུ་བཅུག་པ་དང་། ཁམས་ནང་ཆེན་རྫོང་ཁོངས་སུ་ཟླ་ ༨ ཚེས་ ༡ ནས་ ༣ བར་དུས་སྟོན་ཚོགས་སྐབས་ཀ་གཞུང་ཡུལ་ཚོར་བོད་མི་རྣམས་ཀྱིས་གཅན་གཟན་པགས་རིགས་ཀྱི་གྱོན་གོོས་གྱོན་མེད་པ་དང་། རྒྱན་ཆ་ཡང་བཏགས་མེད་པར་སྙོན་འཛུགས་བྱས་ཏེ་ཚེས་ ༣ དགོང་མོ་ཉེན་རྟོག་པ་ཡོང་ནས་བོད་མི་རྣམས་ལ་ཉེས་རྡུང་དྲག་པོ་བཏང་བར་བརྟེན་བོད་མི་ ༣༠ ཙམ་ལ་རྨས་སྐྱོན་ཚབས་ཆེ་ཕོག་སྟེ་སྨན་ཁང་དུ་སྐྱེལ་དགོས་པའི་གནས་ཚུལ་བྱུང་ཡོད། ད་དུང་འདི་ལོ་བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་ཆེན་མོ་ཡིན་སྐད་ཀྱིས་ལྷ་ས་དང་པེ་ཅིང་བར་གྱི་ཡིག་ཟམ་དང་། དངོས་ཟོག་སྐྱེལ་འདྲེན་ཁང་སོགས་ལ་དམིགས་བསལ་ཞིབ་བཤེར་དང་། ས་གནས་བོད་རིགས་མང་ཚོགས་རྣམས་ལ་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་མེད་པར་བསམ་ཡུལ་ལས་འདས་པའི་སུན་གཙེར་བཟོ་བཞིན་ཡོད།
ཕྱི་ཟླ་ ༨ ཚེས་ ༢༤ ནས་ ༢༥ བར་ཉིན་གཉིས་རིང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་ཟེར་བ་པེ་ཅིང་དུ་ཚོགས་ཏེ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་བྱ་རྒྱུ་དེ་ཀྲུང་དབྱང་གིས་བཏོན་པའི་བོད་ཀྱི་ལས་ཀའི་རྩ་དོན་གལ་ཆེ་ཡིན་སྐོར་སོགས་བཤད་འདུག་ཅིང་། ཚོགས་འདུ་འདི་ནི་ཞི་ཅིན་ཕིང་གིས་རྒྱ་ནག་གི་ཏང་སྲིད་དམག་གསུམ་གྱི་འགན་དབང་ཆ་ཚང་ཟིན་ཚར་བའི་རྗེས་ཀྱི་བོད་དང་འབྲེལ་བའི་ཚོགས་འདུ་ཆེ་ཤོས་དེ་ཡིན་ནའང་། བོད་རྒྱ་ཆེའི་མང་ཚོགས་ཀྱི་མངོན་འདོད་དང་འཚམས་པའི་གནད་དོན་སྐོར་ལ་གླེང་སློང་གང་ཡང་བྱས་མི་འདུག་པ་མ་ཟད། བོད་ཐོག་འཛིན་པའི་དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་འགྱུར་བ་གཏོང་རྒྱུའི་སྐོར་གང་ཡང་གླེང་མི་འདུག
༢༠༡༥ ཟླ་ ༩ ཚེས་ ༡ ནས་བཟུང་བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ཏེ་མི་ལོ་ ༥༠ འཁོར་བའི་དུས་དྲན་ཆེན་མོ་ཟེར་བ་འགོ་འཛུགས་ཀྱིས་ཚེས་ ༨ ཉིན་རྒྱ་ནག་དབུས་ཆབ་སྲིད་གྲོས་མོལ་ཁང་གི་འགོ་གཙོ་ཡུས་ཀྲེང་ཧྲེང་གིས་ལྷ་སར་གཏམ་བཤད་བྱས་པའི་ནང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་། བོད་ལྗོངས་ཁྲིམས་བཞིན་སྐྱོང་རྒྱུ་རྒྱུན་འཁྱོངས། དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད། དམངས་འཚོ་ལེགས་གཏོང་བྱ་རྒྱུར་ཤུགས་རྒྱག་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། མེས་རྒྱལ་གཅིག་གྱུར་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་བོད་ལྗོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་མངོན་འགྱུར་ཧུར་ཐག་ཡོང་བ་བྱེད་དགོས་སྐོར་སོགས་བོད་ནང་ཡར་རྒྱས་བཏང་ལུགས་ཀྱི་དྲིལ་བསྒྲགས་ཤུགས་ཆེ་བྱས་ཡོད་ཀྱང་། དོན་དངོས་སུ་མི་ལོ་ ༥༠ དེའི་རིང་གུང་ཁྲན་སྲིད་གཞུང་ནས་རང་གིས་བཅས་པའི་ཁྲིམས་ལུགས་ལ་རྩིས་མེད་དང་། རང་གིས་ཁ་ནས་བཤད་པའི་སྐད་ཆར་ནམ་ཡང་མི་གནས་ཤིང་། བོད་ས་དུམ་བུར་བཏང་སྟེ་ཁ་བྲལ་བཟོས་པ། རིག་གནས་གསར་བརྗེ་ཟེར་བ་སོགས་མིང་འདོགས་སྣ་ཚོགས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་བའི་ལས་འགུལ་ཟམ་མ་ཆད་པ་སྤེལ་བ། གཞིས་ལུས་བོད་མི་རྣམས་ལ་སྨྲ་བརྗོད་ཀྱི་རང་དབང་དང་། འགྲོ་འོང་གི་རང་དབང་། ཆོས་དད་ཀྱི་རང་དབང་། རང་ལུས་ལ་རང་དབང་སོགས་འགྲོ་བ་མིའི་ཐོབ་ཐང་ཡེ་ནས་སྤྱོད་རྒྱུ་མེད་པའི་དམ་དྲག་གི་སྲིད་བྱུས་དམ་འཛིན་བྱས་དང་བྱེད་བཞིན་པ། གུང་ཁྲན་སྲིད་དབང་སྒེར་སྤྱོད་རིང་ལུགས་པས་བོད་ནང་རང་ཐག་རང་གཅོད་ཀྱི་འགྲོ་ལམ་མེད་པ་བཟོས་ཏེ། གཞིས་ལུས་བོད་མི་རྣམས་ཆེས་མུན་ནག་གི་ཁྲོད་དུ་གནས་ཏེ་མི་ལོ་ ༥༠ འཁོར་བའི་ཡ་ང་བའི་དུས་ཚིགས་ཤིག་ཡིན་པས། ང་ཚོས་ཀྱང་ངེས་པར་དྲན་གསོ་བྱེད་དགོས་པ་ཆགས་ཡོད་པ་བཅས་ལ་བརྟེན་གྲོས་ཆོད་ཅིག་འཇོག་དགོས་ཤིན་ཏུ་གལ་ཆེར་མཐོང་། །
གྲོས་ཆོད།
༡ བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་། དེ་བཞིན་བོད་བསྟན་སྲིད་མི་རིགས་ཀྱི་འཐབ་རྩོད་ཆེད་རྒྱ་གཞུང་གི་བཙོན་འོག་ཏུ་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་དང་སྦྲགས། ཁོང་རྣམ་པའི་ཤུལ་ལུས་ནང་མི་ཉེ་འབྲེལ་སོགས་ལ་གདུང་སེམས་མཉམ་སྐྱེད་དང་འབྲེལ་ཐུགས་གསོའི་འཚམས་འདྲི་དང་། འདས་གྲོངས་སུ་གྱུར་པ་རྣམས་འཕགས་མཆོག་ཕྱག་ན་པདྨོས་རྗེས་སུ་བཟུང་ནས་སླར་ཡང་བོད་ཁ་བ་གངས་ཅན་གྱི་ཞིང་དུ་རང་དབང་བདེ་སྐྱིད་ཀྱི་ཉི་མ་མྱུར་བ་ཉིད་དུ་ཤར་ནས་དེར་སྐྱེ་བ། རྒྱའི་དམ་དྲག་བཀག་བསྐྱིལ་འོག་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པ་རྣམས་མགྱོགས་མྱུར་གློད་བཀྲོལ་ཡོང་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ།
༢ རྒྱ་ནག་གི་འགོ་འཁྲིད་ཚོས་བོད་དང་བོད་མིའི་ཐོག་འཛིན་པའི་མི་རིགས་མཉམ་བསྲེ་དང་། མི་སེར་སྤེལ་ཡུལ་སོགས་མཁྲེགས་འཛིན་དང་དམ་དྲག་ཅན་གྱི་སྲིད་བྱུས་ལ་འགྱུར་བ་བཏང་སྟེ་བོད་ནང་གི་དངོས་ཡོད་གནས་སྟངས་དང་། བོད་མིའི་མངོན་འདོད་དང་མཐུན་པའི་ཐོག་བོད་རྒྱ་གཉིས་སྨན་གྱི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ངེས་པར་གཏོང་དགོས་པ་དང་། ༸ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེས་དབུས་བོད་ནང་ཉེས་མེད་འཛིན་བཟུང་བཙོན་འཇུག་སོགས་ཀྱིས་སྡུག་སྦྱོང་མྱོང་བཞིན་པ་རྣམས་འཕྲལ་དུ་གློད་བཀྲོལ་གྱིས་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་འགྲོ་བ་མི་སྤྱི་མཚུངས་ཀྱི་ཐོབ་ཐང་ངེས་པར་དགོས་པ། བོད་ཀྱི་གནད་དོན་སྤྱི་ཡོངས་ལ་བསམ་ཞིབ་ནན་ཏན་གྱིས་བོད་རྒྱ་ཕན་ཚུན་ཞི་འཇམ་ངང་འབྲེལ་མོལ་གྱི་ལམ་ནས་ཐག་གཅོད་གང་མྱུར་དགོས་རྒྱུ།
༣ འདི་ལོ་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་ཞེས་པས་བཏོན་པའི་བོད་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་གཉིས་ནང་བོད་ཀྱི་གནད་དོན་སྐོར་ལ་འཁྱོག་བཤད་མང་པོ་བྱས་འདུག་པ་ཁག་ལ་ངོས་ལེན་ནམ་ཡང་མེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་ཟེར་བ་དང་། བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་ཟེར་བ་བཅས་ནི་རྒྱལ་སྤྱིའི་ཐོག་རྒྱ་ནག་གིས་བོད་ལ་སེམས་ཁུར་བྱེད་ཀྱི་ཡོད་མདོག་མཚོན་བྱེད་ཙམ་དང་། བོད་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་ཚུལ་གྱི་སྒྲུབ་བྱེད་ལྟར་སྣང་ལ་བསྐྱར་འབད་བྱས་པ་ཙམ་ལས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་དོན་ཕན་ལྡན་པའི་དགེ་མཚན་གང་ཡང་མ་མཐོང་བར་ངོས་འཛིན་བྱ་རྒྱུ།
༤༽ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ། གཞུང་དང་། གྲོས་ཚོགས། རྒྱལ་ཁབ་ཁག་གི་དབུ་འཁྲིད་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་སྒེར་ཇི་སྙེད་བཅས་ཀྱིས་ད་ཕན་བོད་དང་བོད་མིར་རྒྱབ་སྐྱོར་གང་ལེགས་གནང་དང་གནང་བཞིན་པར་ཐུགས་རྗེ་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ད་དུང་ཡང་རྒྱ་ནག་སྲིད་གཞུང་གི་གདུག་རྩུབ་དང་གཡོ་ཐབས་ཀྱི་སྲིད་བྱུས་ངན་པ་རྣམས་ལ་ངོས་འཛིན་གསལ་པོས་བོད་ནང་བོད་མིས་མྱོང་བཞིན་པའི་དཀའ་སྡུག་ཚད་ལས་བརྒལ་བ་རྣམས་ལས་གྲོལ་སླད་ཐབས་རྣམ་ཡོད་རྒུས་ཤུགས་གནོན་རྒྱབ་སྐྱོར་ཡོང་བ། ཞེས་ཛ་དྲག་ཆེན་པོས་ཞུ་བཞིན་ཡོད་པ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༥ ལ།།
གྲོས་འཆར་འདོན་མཁན། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས།
རྒྱབ་སྐྱོར་གནང་མཁན། སྤྱི་འཐུས་ཀརྨ་ཡེ་ཤེས་ལགས།