ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༥ རེས་གཟའ་སྤེན་པ།
༄༅། །བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༤ ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་མཆོད་འབུལ་སྨོན་ལམ་ཐོག་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་གསུང་བཤད་གནང་དོན། རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་གིས་དབུས་པའི་སྐྱབས་གནས་དགེ་འདུན་གྱི་སྡེ། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སེར་སྐྱ་མི་མང་ཡོངས་ལ་ངས་ཤིན་ཏུ་བློ་ཕམ་པའི་ཐོག་ནས་སྙན་སེང་ཞུ་རྒྱུར། ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༧ ཉིན་གྱི་དགོང་མོར་མདོ་སྨད་ཀན་ལྷོ་ཁུལ་བླ་བྲང་བསང་ཆུ་རྫོང་བསང་ཁོག་དངུལ་རྭ་སྡེ་པ་ནས་ཡིན་པ་རང་ལོ་ ༥༥ སོན་པའི་བཀྲ་ཤིས་སྐྱིད་ལགས་ཀྱིས་བསང་ཁོག་ཡུལ་ཚོའི་འགྲམ་དུ་ཡོད་པའི་ཁང་དམར་ཞེས་པའི་བསང་ཁོག་མང་ཚོགས་སྡོད་གནས་ཤིག་ཡོད་པ་དེར་བོད་བསྟན་སྲིད་དང་བོད་མི་རིགས་ཆེད་རང་ལུས་མེར་སྲེག་བཏང་སྟེ། ཕྱི་ཚེས་ ༢༨ ཉིན་གྱི་ཐོ་རངས་ཚུ་ཚོད་ ༣ པ་ཙམ་ལ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
ཁོ་མོའི་བཟའ་ཟླའི་མཚན་ལ་སངས་རྒྱས་དང༌། ཁོང་གཉིས་ལ་ཤུལ་ལུས་བུ་བཞི་དང་བུ་མོ་གཅིག་ཡོད་འདུག ཉེ་ཆར་བཀྲ་ཤིས་སྐྱིད་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་ཆེད་རང་ལུས་མེར་སྲེག་བཏང་བར་བརྟེན་བོད་མིའི་སྒྲིག་འཛུགས་ཆོས་རིག་ཁུངས་ནས་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུས་པ་རེད། ང་ཚོ་ཚང་མས་དམ་པ་དེ་ཉིད་ཀྱིས་གཙོས་པའི་ཉེ་འབྲེལ་ནང་མི་ཡོངས་ལ་གདུངས་སེམས་མཉམ་སྐྱེ་ཞུས་པ་དང་འབྲེལ། མགྱོགས་ནས་མྱུར་དུ་དལ་འབྱོར་མི་ལུས་ཐོབ་པ་མ་ཟད། སླར་ཡང་བོད་གངས་ཅན་ལྗོངས་སུ་མི་ལུས་ཐོབ་པའི་བསྔོ་སྨོན་ཞུ་རོགས་ཞུ་རྒྱུ་ཡིན། གཞི་རྩའི་རང་ལུས་མེར་སྲེག་གི་གནས་ཚུལ་བྱུང་སྐབས་འདི་ནས་མཆོད་འབུལ་སྨོན་ལམ་ཚོགས་བཞིན་ཡོད། ངས་དུས་རྒྱུན་དུ་ཞུས་ཀྱི་ཡོད། རྒྱལ་གཅེས་པ་དེ་དག་གིས་བློས་བཏང་གནང་བ་རྣམས་ང་ཚོས་དུས་ནམ་ཡང་མ་བརྗེད་པར། རྒྱལ་སྤྱིའི་སྡིངས་ཆ་ཐོག་ལག་བདེ་མོ་ཚོས་བྲིས། ཁ་བདེ་པོ་ཚོས་འབྲེལ་བཤད་བརྒྱབ་ནས་རྒྱལ་གཅེས་པ་དེ་དག་གིས་བློས་བཏང་བ་རྣམས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བཞག་ཐུབ་པ་བྱ་རྒྱུ་དེ་ང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་བོད་རིགས་སྤུན་ཟླ་ཡོངས་ཀྱིས་སྐབས་སུ་བབས་པའི་ལས་འགན་རེད་བསམས་ཀྱི་འདུག ཅེས་ངས་དུས་རྒྱུན་དུ་ཞུས་དང་ཞུ་མུས་ཡིན། གནད་དོན་འདིའི་སྐོར་ང་ཚོས་འདོད་པ་ཁེངས་པ་ཞིག་འཇོག་ཐུབ་ཡོད་དམ་མེད། ཅེས་དྲི་བ་ཆེན་པོ་ཞིག་ཆགས་ཡོད།
སྤྱིར་ཚང་མས་མཁྱེན་གསལ་རེད། འཛམ་གླིང་འདིའི་སྟེང་དམག་ཆེན་དང་པོ་དང་། གཉིས་པ་བྱུང་སྟེ། མི་ས་ཡ་མང་པོ་གསོད་རེས་བྱུང་ཡོད། འོན་ཀྱང་བོད་གངས་ཅན་ལྗོངས་སུ་རྒྱལ་གཅེས་པ་དེ་དག་གིས་གཞན་ལ་གནོད་པ་སྤུ་ཙམ་ཡང་མ་བྱས་པར་བོད་བསྟན་སྲིད་དང་བོད་མི་རིགས་ཆེད་རང་ལུས་མེར་སྲེག་བཏང་བ་དེ་འཛམ་གླིང་འདིའི་སྟེང་བྱུང་བའི་ལོ་རྒྱུས་ཤིག་རེད་བསམས་ཀྱི་འདུག དེར་བརྟེན་ང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་བོད་རིགས་སྤུན་ཟླ་ཡོངས་ནས་རྒྱལ་གཅེས་པ་དེ་དག་མ་བརྗེད་པར་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཁོང་རྣམས་ཀྱི་བྱས་རྗེས་རྣམས་རེ་རེ་བཞིན་འཇོག་ཐུབ་པ་བྱ་དགོས་ཞེས་བསྐྱར་དུ་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་། །