༢༠༡༥ ཟླ་ ༩ ཚེས་ ༡༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཉིན་གྲངས་བཞིའི་རིང་ཨིན་ཌོ་ནེ་ཤི་ཡ་དང་། ཀོ་རི་ཡ། མ་ལེ་ཤི་ཡ། སིངྒ་པུར། ཐའེ་ལན་ཌི། ཝེ་དི་ནམ་བཅས་ཨེ་ཤ་ཡའི་ཡུལ་གྲུ་ཁག་གི་དད་ལྡན་ཆོས་ཞུ་བ་གཙོ་བོར་གྱུར་བའི་ཕྱི་ནང་གི་དད་ལྡན་མི་མང་སྟོང་ཕྲག ༥༠༠༠ བརྒལ་བ་རྣམས་ལ་བྱང་ཆུབ་སེམས་དཔའིི་སྤྱོད་པ་ལ་འཇུག་པ་དང་། སྒོམ་རིམ་བར་པ། དབུ་མ་རིན་ཆེན་ཕྲེང་བ། རྒྱལ་སྲས་ལག་ལེན་སོ་བདུན་མ་བཅས་ཀྱི་ཉིན་མཐའ་མའི་ཆོས་འབྲེལ་གྲུ་བསྟུན་བྱང་ཆུབ་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་ཆེ་བ་སྩལ། དེ་རྗེས་བཀའ་སློབ་ཕེབས་དོན། ད་རེས་ཀོ་རི་ཡ་དང་ཝི་ནི་ནམ་སོགས་ཁྱེད་རང་ཚོ་ཆོས་ཞུ་བ་རྣམས་ལ་དེ་སྔ་བཞིན་ཆོས་འབྲེལ་རེ་རེ་བཞིན་བྱེད་མི་དགོས་པར་དཀྱུས་གཅིག་ལ་བྱེད་རྒྱུར་ངོས་ནས་རེ་འདུན་བྱས་པ་རེད་ལ་ཁྱེད་རང་ཚོས་ཀྱང་དེར་མོས་མཐུན་བྱས་བྱུང་བར་དགའ་པོ་བྱུང་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། ད་ཆ་ཉི་མ་ནས་ཉི་མ་འདི་ལྟར་མུ་མཐུད་ཆོས་འབྲེལ་བྱེད་རྒྱུ་འདིས་ཕྲན་བུ་ཐང་ཆད་རྒྱུ་ཞིག་ཡོང་གི་འདུག
དེར་བརྟེན་རྒད་པོ་ང་ཚེ་རིང་པོ་ཡོང་རྒྱུར་ངལ་གསོ་དགོས་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད། ཁྱེད་རང་གཞོན་སྐྱེས་ཚོས་དཀའ་ངལ་མང་ཙམ་བརྒྱབ། རྒད་པོ་ཚོས་ལྷོད་ལྷོད་བྱས། གལ་ཆེ་ཤོས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདི་གསུངས་འདུག བདག་ཉིད་བདག་གི་མགོན་ཡིན། ཞེས་སོ་སོའི་མགོན་སྐྱབས་དེ་སོ་རང་ཉིད་རེད། སོ་སོའི་སེམས་དུལ། ནང་སེམས་བཟང་པོ་ཞིག་སྐྱེས། འདི་འདྲ་བྱས་པ་ཡིན་ན། སོ་སོ་བདེ་སྐྱིད་ལྡན་པའང་འདི་འདྲ་བྱས་ཏེ་ཡོང་བཞིན་ཡོད། རང་ཉིད་ཀྱི་སེམས་མ་དུལ་བར་བསྡད་དེ་ཁ་ནས་བླ་མ་ལ་སྐྱབས་སུ་མཆིའོ། སངས་རྒྱས་ལ་སྐྱབས་སུ་མཆིའོ། ཆོས་ལ་སྐྱབས་སུ་མཆིའོ། ཞེས་བརྗོད་པས་དེ་ཙམ་ཕན་པ་ཡོང་རྒྱུ་མེད། གང་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འདིར་གཞན་ལ་ཕན་པ་བསྒྲུབ། ཅེས་གཞན་ལ་གནོད་པ་མ་བྱེད། ཕན་པ་བསྒྲུབ་ཅེས་པ་དེ་ཆོས་ཀྱི་སྙིང་པོ་ཡིན། དེའི་རྒྱབ་རྟེན་ལ་ཆགས་སྡང་གི་ཉོན་མོངས་དེ་དག་གི་མཚང་བརྟོལ་རྒྱུར་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་གི་ཡོད། དེ་ལམ་སེང་ཡོང་རྒྱུ་མེད། དཀའ་ངལ་ཕྲན་བུ་རྒྱག་དགོས་པ་ཡིན། ལམ་སེང་ཉི་མ་དེ་རིང་ནས་བཟུང་ག་རེ་བྱེད་ཐུབ་ཀྱི་རེད་དམ་ཞེས་ན། མི་དང་སྲོག་ཆགས་སུ་ལ་ཡིན་ནའང་གནོད་པ་མ་བྱས། ཕན་ཐོགས་བྱེད་ཐུབ་རྒྱུའི་གོ་སྐབས་ཡོད་ན་ཕན་ཐོགས་བྱེད་པ་དང་། གལ་ཏེ་ཕན་ཐོགས་བྱེད་མ་ཐུབ་ཀྱང་གནོད་པ་མི་བྱེད་རྒྱུའི་ཐོག་ནས་མི་ཚེ་སྐྱེལ་དགོས་པ་ཡིན། དེ་བཞིན་སོ་སོའི་ཆེད་ལས་གང་ཡིན་ཡང་གཞན་པ་ཕན་ཐོགས་བྱེད་རྒྱུའི་ཆེད་དུ་གཙོ་བོ་བྱེད་དགོས། གཞན་པ་ཕན་པ་བྱས་ན་རང་དོན་ཞོར་ལ་བསྒྲུབ་ཡོང་གི་རེད། ཤེས་སོང་ངམ།
ཁྱེད་རང་ཚོ་རྒྱུ་ཕྲན་བུ་ཡོད་མཁན་ཚོས་ག་ཚད་ཐུབ་ཐུབ་ཀྱི་སྐྱོ་པོ་ཚོར་རོགས་བྱེད་ཐུབ་ན་ཡག་པོ་ཡོད། དེ་ནས་ཁྱེད་རང་ཚོ་སོ་སོའི་ས་གནས་སུ་མི་ངོ་ཤེས་མང་པོ་ཡོང་གི་རེད། ངོ་ཤེས་དེ་དག་ལ་ང་ཚོ་འདིར་སྐད་ཆ་གང་བྱུང་བ་དང་རང་ཉིད་ལ་གོ་རྟོགས་གང་བྱུང་བ་རྣམས་ཉམས་མྱོང་སྤེལ་རེས་བྱེད་དགོས། འདིར་ད་རེས་དངོས་སུ་འདུས་པ་ཁྱེད་རང་ཚོ་སྟོང་ཕྲག་གཅིག་གཉིས་ཤིག་ཡོད་པ་དེ་དག་གིས་རང་རང་གི་ངོ་ཤེས་པ་རེ་རེ་བྱས་ཏེ་རང་གི་ཉམས་མྱོང་བགོ་བཤའ་བརྒྱབ་སྟེ་ཕྱིན་པ་ཡིན་ན་མི་གཅིག་གིས་བཅུ། བཅུ་ཡིས་བརྒྱ། བརྒྱ་ཡིས་སྟོང་། སྟོང་གིས་ཁྲི་དེ་འདྲ་བྱས་ཏེ་ང་ཚོའི་སྤྱི་ཚོགས་ནང་འགྱུར་བ་འགྲོ་ཐུབ་རྒྱུ་དང་། དེ་བཞིན་ཁྱིམ་ཚང་སོ་སོའི་ནང་འགྱུར་བ་འགྲོ་རྒྱུ་བཅས་འདི་འདྲ་བྱས་ཏེ་དགོངས་པ་བཞེས་དགོས་པ་ཡིན། ད་ཆོས་འབྲེལ་གྲུབ་པ་ཡིན། དེ་རྗེས་པར་རྒྱག་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་གྲུབ་བསྟུན་ཝི་ཏི་ནམ་ཆོས་ཞུ་བའི་སྐུ་ཚབ་ཀྱིས་མངར་ཟས་འདེགས་འབུལ་ཞུས་པ་དང་ཀོ་རི་ཡའི་ཆོས་ཞུ་བའི་སྐུ་ཚབ་ཀྱིས་སྐུ་ཐང་འབུལ་ལམ་ཞུས་ཏེ་༸གོང་ས་མཆོག་གི་སྐུའི་གྱ་སྟོན་ལ་རྟེན་འབྲེལ་གཟབ་རྒྱས་ཞུས་ཏེ་འདི་ལོའི་ཆོས་འབྲེལ་ཡོངས་སུ་ལེགས་པར་གྲུབ་སྟེ་ཆོ་ཞུ་བའི་སྐུ་ཚབ་དང་གནད་ཡོད་མི་སྣས་སྤོས་སྣེས་སྔོན་བསུས་ཏེ་ཕོ་བྲང་ལ་གདན་འདྲེན་ཞུས།།