༢༠༡༥ ཟླ་ ༩ ཚེས་ ༡ རེས་གཟའ་མིག་དམར
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༦ དང་ ༢༧ བཅས་ཉིན་གྲངས་གཉིས་རིང་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ཨོ་རི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་འདུག
དེ་ཡང་ཕྱི་ཚེས་ ༢༦ ཉིན་ཤེས་རིག་བཀའ་བློན་མཆོག་ཅན་དར་གི་རིར་རྟེན་གཞི་བྱས་པའི་བོད་མིའི་སློབ་གྲྭར་གཟིགས་སྐོར་དུ་ཕེབས་སྐབས་སློབ་གྲྭའི་སློབ་སྤྱིས་གཙོས་དགེ་ལས་སློབ་ཕྲུག་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་འདུག དེ་རྗེས་སློབ་གྲྭའི་སྔ་དྲོའི་འདུ་འཛོམས་ཐོག་སློབ་ཕྲུག་རྣམས་ཀྱིས་ཤེས་ཡོན་དང་འབྲེལ་བའི་ལས་རིམ་ཁག་བཀའ་བློན་མཆོག་ལ་སྤྱན་བསྟར་ཞུས་གྲུབ་བསྟུན།
ཤེས་རིག་བཀའ་བློན་མཆོག་གིས་དགེ་ལས་སློབ་ཕྲུག་རྣམས་ལ་ཤེས་ཡོན་གྱི་གལ་གནད་སྐོར་དང་། ལྷག་པར་རྒྱ་གར་དགེ་རྒན་དང་ལས་བྱེད་རྣམས་ནས་ད་བར་བོད་ཕྲུག་རྣམས་ཀྱི་ཤེས་ཡོན་ཆེད་སྐུ་ལས་སྐྱོན་པར་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་ཡོད། རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་ནི་ང་ཚོ་བོད་མི་རྣམས་ཀྱིས་དུས་ནམ་ཡང་བརྗེད་ཐབས་མེད་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད། དེ་རྗེས་བཀའ་བློན་མཆོག་གིས་ གཞིས་གྲོང་སོ་སོའི་སྔོན་འགྲོ་དང་བུ་བཅོལ་ཁང་ཁག་ལའང་འཚམས་གཟིགས་གནང་བར་ཆེད་ཕེབས་ཀྱིས་དགེ་རྒན་དང་མ་ཚབ། སློབ་མ་རྣམས་ལ་གཟིགས་སྐྱོང་ཆེན་པོ་གནང་ཡོད།
ཕྱི་ཚེས་ ༢༧ ཉིན་བཀའ་བློན་མཆོག་གིས་ཨོ་རི་ས་གཞིས་ཆགས་ཀྱི་མི་མང་རྣམས་ལ་ཤེས་ཡོན་གྱི་གལ་གནད་དང་། ཕྲུ་གུའི་ཤེས་ཡོན་ཐོག་ཕ་མའི་འགན་འཁྲི་ཇི་ཡིན། བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་གནང་རྒྱུ་གལ་ཆེ་ཡིན་སྐོར། དེ་བཞིན་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ལས་གཞི་དང་། དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གསུང་བཤད་གནང་གྲུབ་མཚམས་མང་ཚོགས་ཀྱི་དྲི་བར་ལན་འདེབས་ཀྱང་གནང་ཡོད། དེ་ནས་བཀའ་བློན་མཆོག་གིས་གཞིས་གྲོང་ཁག་གི་བརྒྱ་དཔོན་དང་། ས་གནས་འཐུས་ཚོགས། ས་གནས་མཉམ་འབྲེལ། འཕྲོད་བསྟེན་ཡན་ལག་སྨན་ཁང་། ས་གནས་ཡན་ལག་སྨན་རྩིས་ཁང་གི་འགན་འཛིན་རྣམས་དང་ཟུར་དུ་ཚོགས་འདུ་སྐོང་ཚོགས་གནང་ཡོད་འདུག
དེ་ཉིན་གྱི་ཕྱེད་ཡོལ་བཀའ་བློན་མཆོག་གིས་ས་གནས་ཀྱི་གཞིས་ལས་ཁང་དང་། དགོན་སྡེ་ཁག རྒན་གསོ་ཁང་། སྨན་ཁང་། གཞིས་གྲོང་བཅས་སུ་འཚམས་གཟིགས་གནང་བར་ཆེད་ཕེབས་གནང་འདུག
ཕྱི་ཚེས་ ༢༩ ཉིན་ལྡི་ལིར་ཕེབས་འཐོན་གནང་སྐབས་ལམ་བར་དུ་ཨོ་རི་སའི་རྒྱལ་ས་བྷུབ་ནེ་ཤི་ཝར་ Bhubaneshwar རྟེན་གཞི་བྱས་པའི་ཀ་ལིངྒ་སྤྱི་ཚོགས་ཚན་རིག་ Kalinga Institute of Social Sciences (KISS) གི་གཙུག་ལག་སློབ་ཁང་དང་། KIIT University Bhubaneshwar བྷུབ་ནེ་ཤི་ཝར་གཙུག་ལག་སློབ་ཁང་དུ་ཕེབས་ཏེ་སློབ་གཉེར་ཁང་དེའི་ནང་སློབ་སྦྱོང་གནང་བཞིན་པའི་བོད་པའི་སློབ་མ་བཞི་ཡོད་པ་རྣམས་ཐུག་འཕྲད་གནང་ཡོད། ཕྱི་ཚེས་ ༣༠ ཉིན་རྡ་སར་ཕེབས་འབྱོར་གནང་ཡོད་པ་བཅས།།