༢༠༡༥ ཟླ་ ༩ ཚེས་ ༨ རེས་གཟའ་མིག་དམར།
བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་ཟེར་བ་བསྐོང་ཚོགས་བྱས་པའི་ནང་དོན་སྐོར་མདོ་ཙམ་གླེང་བ།
བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག
༄༅། ། རྒྱ་ནག་གཞུང་གིས་བོད་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་ཟེར་བ་ཞིག་བསྐོང་ཚོགས་བྱ་འཆར་ཡོད་པ་ཕྱི་ནང་གང་ས་ནས་སྦིར་བསྒྲགས་བྱེད་མུར་ཚོགས་འདུ་ནམ་ཞིག་ལ་བསྐོང་ཚོགས་བྱ་རྒྱུ་དེ་ཆེས་གསང་བ་དམ་པོ་བྱས་ཏེ་དངོས་གཞིའི་དུས་ཚོད་གཏན་ཁེལ་བ་ཞིག་སུས་ཀྱང་ཚོད་དཔག་བྱེད་ཐུབ་མེད་པའི་སྐབས་དེར། ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༤།༢༥ ཉིན་གཉིས་རིང་རྒྱ་ནག་རྒྱལ་ས་པེ་ཅིང་དུ་བསྐོང་ཚོགས་བྱས་སྐོར། ཚོགས་འདུ་གྲོལ་བའི་ཉིན་མོ་དེའི་དགོང་དྲོ་པེ་ཅིང་གི་ཆུ་ཚོད་ ༧ པར་རྒྱ་ནག་དབུས་གཞུང་གི་རྒྱལ་ཡོངས་གསར་འགྱུར་མཉམ་བསྒྲགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚོགས་འདུའི་སྙིང་དོན་གཙོ་བོ། ཞི་ཅིན་ཕིང་གིས་གཏམ་བཤད་ནང་། བོད་ཀྱི་ལས་དོན་དམིགས་ས་དང་ཤུགས་རྒྱག་ས་དེ་ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་མངོན་གྱུར་བྱ་རྒྱུ་དེ་ལྡོག་མེད་ཀྱི་ལས་འགན་ཞིག་ལ་བརྩིས་ནས་ཕྱོགས་ཁག་གི་ལས་དོན་སྤྱི་འདོམས་འཆར་འགོད་དང་ཕྱོགས་བསྡུས་ནུས་ཤུགས་བཏོན་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་དགོས། ཞེས་བཤད་ཡོད་པ་དེ་ལས་ད་རེས་ཀྱི་ཚོགས་འདུ་དེར་མི་རྣམས་ཀྱིས་རེ་བ་བྱས་པའི་ནང་དོན་གསར་པ་གང་ཡང་མེད་པར་དེ་ལས་ལྡོག་ཏེ་མཁྲེགས་འཛིན་གྱི་སྲིད་བྱུས་མུ་མཐུད་དེ་ལག་ལེན་བསྟར་རྒྱུ་ཡིན་པ་གསལ་སྟོན་བྱས་ཡོད།
ཐེངས་འདིའི་ཚོགས་འདུར་རྒྱ་ནག་དབུས་གཞུང་གིས་གལ་ཆེ་དོན་ཆེ་བརྩིས་ཡོད་པ་ནི། ཆབ་སྲིད་ཅུས་རྒྱུན་ལས་ཀྱི་མི་གྲངས་བདུན་གྱིས་གཙོས། རྒྱ་ནག་དབུས་དམར་ཤོག་དྲུང་ཆེ་ལས་ཁུངས་ཀྱི་དྲུང་ཆེ་དང་། (ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་) རྒྱལ་དོན་ཨུ་ཨོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ཆེན་མོ་སོགས་ཏང་སྲིད་དམག་གསུམ་གྱི་མཐོ་རིམ་དཔོན་རིགས་ཁག་དང་། གཞན་ཡང་བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འགན་ཁུར། ས་ཁུལ་དང་གྲོང་ཁྱེར་ཁག་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར། དེ་བཞིན་སི་ཁྲོན་དང་། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གྱི་ཏང་སྲིད་འགོ་ཁྲིད་གཙོ་བོ་ཁག བོད་རིགས་རང་སྐྱོང་ས་ཁུལ་ཟེར་བའི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་གཙོ་བོ་ཁག ཞིང་ཆེན་དང་རང་སྐྱོང་ལྗོངས་གྲོང་ཁྱེར་གཞན་དག་གི་འགན་ཁུར། རྒྱ་ནག་དབུས་ལས་ཁུངས་ཁག་དང་རྒྱལ་ཁབ་ལས་ཁུངས་འབྲེལ་ཡོད་སྡེ་ཚན་དང་འབྲེལ་ཡོད་དབུས་གཞུང་ཁེ་ལས་ཀྱི་འགན་ཁུར་མི་སྣ། ཕྱི་རྒྱལ་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་ཆེ་མོ་ཁག་དང་ཁེ་སྐྱོང་ལས་ཤག་གི་འབྲེལ་ཡོད་འགན་ཁུར་མི་སྣ། མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོགས་དཔུང་སྡེའི་འབྲེལ་ཡོད་མི་སྣ་སོགས་གལ་ཆེའི་མི་སྣ་སུམ་བརྒྱ་ལྷག་ཚོགས་ཞུགས་བྱས་ཡོད་སྐད་དང་། ཚོགས་འདུར་ཏང་སྲིད་དམག་གསུམ་གྱི་འགོ་ཁྲིད་གཙོ་བོ་ཞིས་ཅིན་ཕིང་། སྲིད་བློན་ལི་ཁེ་ཆང་། ཆབ་གྲོས་གཙོ་འཛིན་ཡུས་ཀྲེང་ཧྲེང་སོགས་ནས་གལ་ཆེའི་གཏམ་བཤད་སྤེལ་ཡོད་འདུག
གསར་འགྱུར་བརྒྱུད་ལམ་ཐོག་དཔོན་རིགས་ཚོའི་གཏམ་བཤད་ཀྱི་སྙིང་དོན་བཀོད་པ་ལས། ཚོགས་འདུའི་ནང་དོན་ཆ་ཚང་འགོད་སྤེལ་བྱས་མེད་ནའང་། གཞུང་འབྲེལ་གྱི་བརྒྱུད་ལམ་ཐོག འཐབ་ཕྱོགས་གཅིག་གྱུར་ནས་སྐལ་བཟང་ཟེར་བའི་སྒེར་མིང་བེད་སྤྱད་དེ་ཐེངས་འདིའི་ཚོགས་འདུའི་ནང་དོན་གསལ་ཁ་དང་འགྲེལ་བརྗོད་ཀྱི་ཚུལ་དུ་དོན་ཚན་བརྒྱད་ཅན་གྱི་ཕྱོགས་བསྡོམས་རྩོམ་ཡིག་ཅིག་ཕྱི་ཚེས་ ༢༥ ཉིན་གྱི་དགོང་དྲོ་ཆུ་ཚོད་བརྒྱད་པ་ཡོལ་ཙམ་ལ་སྤེལ་འདུག་པ་དེའི་ནང་། ད་ལྟ་མཐོང་རྒྱུ་ཡོད་པའི་ཞིས་ཅིན་ཕིང་གི་གཏམ་བཤད་ནང་མ་གསལ་བའི་ནང་དོན་དཔེར་ན། ཉེ་བའི་ལོ་ཤས་ནང་། ཏཱ་ལའི་བླ་མས་གང་ས་གང་དུ་བོད་རང་བཙན་རྩོད་ཀྱི་མེད། དབུ་མའི་ལམ་དུ་འགྲོ་རྒྱུ་ཡིན་ཟེར་ནས་ཧ་ལམ་ཁ་ཚུར་འཁོར་ཚུལ་བསྟན་ཡོད། དོན་དངོས་ཐོག་ཁོང་པའི་དབུ་མའི་ལམ་གྱིས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་ཁས་མ་ལེན་པར་། ཕྱི་ལོ་ ༡༩༥༩ གོང་གི་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་བརྗོད་དེ། རང་རྒྱལ་གྱི་རྩ་ཁྲིམས་ཀྱི་གཏན་ལ་ཕབ་པའི་རྩ་དོན་ལ་ངོ་རྒོལ་བྱས་ཏེ། བོད་ནང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱས་པ་ཁས་མི་ལེན་པར། འགོ་ནས་བྱེད་སྟངས་གསར་པ་ཞིག་བྱ་དགོས་ཚུལ་བཤད་ཅིང་། རང་རྒྱལ་གྱི་སྲིད་འཛིན་ས་བགོས་བྱེད་སྟངས་དང་ལེན་མ་བྱས་པར། བོད་དང་། ཟི་ཁྲོན། ཡུན་ནན། ཀན་སུའུ་། མཚོ་སྔོན་བཅས་ནང་ཡོད་པའི་བོད་རིགས་ས་ཁུལ་རྣམས་ཕྱོགས་གཅིག་ཏུ་བསྒྲིལ་ནས་གཅིག་གྱུར་གྱི་སྲིད་འཛིན་ས་ཁུལ་ཞིག་གསར་འཛུགས་བྱ་དགོས་པ་བཤད་ཡོད། དེས་རང་རྒྱལ་གྱི་སྐམ་སའི་རྒྱ་ཁྱོན་བཞི་ཆ་གཅིག་ཟིན་གྱི་ཡོད། དབུ་མའི་ལམ་ཟེར་བ་དེ་དོན་དངོས་སུ་ཁ་བྲལ་རིང་ལུགས་པའི་ཆབ་སྲིད་ཀྱི་རེ་བ་ཞིག་ཡིན། དབུས་གཞུང་ནས་འདས་པར་ཁས་ལེན་བྱེད་མྱོང་མེད་ལ། ད་ལྟ་ཡང་བྱེད་ཀྱི་མེད། མ་འོངས་པར་ཡང་ནམ་ཡང་ཁས་ལེན་བྱ་མི་སྲིད། ཅེས་སོགས་རྒྱ་ནག་གཞུང་གིས་ལངས་ཕྱོགས་གསལ་སྟོན་བྱས་འདུག
རྒྱ་ནག་གཞུང་གིས་བོད་ཀྱི་ལས་དོན་ལ་གལ་ཆེ་དོན་ཆེ་བརྩི་དགོས་པའི་གནད་དགག་ཐུག་ས་གཙོ་བོ་གང་ཡིན་སྐོར། རྩོམ་ཡིག་ནང་འཁོད་པར་གཞིགས་ན། བོད་ནི་དམིགས་བསལ་ས་མཚམས་ཀྱི་མི་རིགས་ས་ཁུལ་ཞིག་ཡིན་པ་དང་། གལ་ཆེ་ཤོས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྐྱེ་དངོས་བདེ་འཇགས་ཀྱི་འགོག་སའི་གནད་དགག་ཅིག་ཡིན། བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཀྱི་ལས་ཀ་དང་འབྲེལ་བ་ཡོད། བོད་ཀྱི་ལས་དོན་ཡག་པོ་བྱེད་དགོས་པ་དེ། བོད་དང་ཟི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་སོགས་ཞིང་ཆེན་བཞིའི་ནང་འཁོད་པའི་བོད་རིགས་ས་ཁུལ་གྱི་ས་གནས་རང་བཞིན་གྱི་ལས་དོན་ཞིག་དང་། ཡང་ན་ཁྱབ་ཁོངས་ཤིག་གི་ཚན་པའི་རང་བཞིན་གྱི་ལས་དོན་ཞིག་མ་ཡིན་པར། ཏང་གི་བོད་སྐྱོང་ཐབས་བྱུས་ཀྱི་ཁྱོན་ཡོངས་ཀྱི་ལས་དོན་གལ་ཆེ་ཞིག་ཡིན་པར་བརྟེན། ཏང་ཡོངས་ཀྱིས་ལག་པ་འགུལ་ནས་རྒྱལ་ཡོངས་ཕྱོགས་གང་ས་ནས་རྒྱབ་སྐྱོར་བྱ་དགོས་ཞེས་གསལ་བ་ལས་མཚོན་ཐུབ།
དེ་ལྟར་ན། བོད་ཀྱི་ལས་དོན་དེ་གང་འདྲ་བྱས་ཏེ་གཉེར་དགོས་ཞེ་ན། ཞི་ཅིན་ཕིང་གིས་གཏམ་བཤད་ནང་རྒྱ་ཡིག་གི་སྲོལ་ལྟར་ཡིག་འབྲུ་ ༢༠ ནང་བསྡུས་ཡོད་པ་སྟེ། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་གཏན་གཏོང་བཅས་བྱ་རྒྱུ་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ་ཏང་ཀྲུང་དབྱང་གིས་བཏོན་པའི་བོད་ཀྱི་ལས་ཀའི་རྩ་དོན་གལ་ཆེ་ཞིག་རེད་ཅེས་ནན་བཤད་བྱས་འདུག དེ་ཡང་ཁྲིམས་ལྟར་བོད་སྐྱོང་ཞེས་པ་ནི། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོབ་བྱས་ནས་མི་རིགས་སུ་འདྲ་ཞིག་དང་། ཆོས་ལུགས་གང་འདྲ་ཞིག་ལ་དད་མོས་བྱེད་ཀྱི་ཡོད་ཀྱང་། བཅའ་ཁྲིམས་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་བྱེད་དགོས་པ་དང་། དམངས་ཕྱུག་བོད་དར་ཞེས་པ་ནི་མི་རིགས་ཁག་གི་མང་ཚོགས་ཀྱིབདེ་རྩ་འཕེལ་རྒྱུ་དེ་བོད་དར་གྱི་རྩ་བའི་འགོ་འཛུགས་ས་དང་དོན་བབས་སར་བྱས་ནས་མི་རིགས་མཐུན་སྒྲིལ་དང་དམངས་གཙོ་ལེགས་གཏོང་ལ་དམ་པོར་དམིགས་ནས་དཔལ་འབྱོར་ཕེལ་རྒྱས་ལ་སྐུལ་དེད་གཏོང་བ་དང་སྤྱི་ཚོགས་ཁྱོན་ཡོངས་ནས་ཡར་ཐོན་ལ་སྐུལ་མ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་ལེགས་པའི་སྒོ་ནས་མཉམ་སྤྱོད་ཐུབ་པ་བྱ་རྒྱུ་དེ་ཡིན་ཞིང་། ཡུན་རིང་བོད་སྐྲུན་ཞེས་པ་ནི་གཟབ་ནན་དང་བརྟན་པོའི་ངང་འཕེལ་རྒྱས་གཏོང་བའི་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་ལས་དོན་མཐའ་དག་ཕུགས་ལ་དམིགས་པ་དང་བྱེད་ཐབས་མཐའ་དག་རྒྱུན་མཐུད་རང་བཞིན་ལྡན་དགོས། མི་སེམས་གཅིག་འགྲིལ་ཞེས་པ་ནི་དངོས་པོའི་སྟོབས་ཤུགས་དང་བསམ་པའི་སྟོབས་ཤུགས་ཟུང་འབྲེལ་བྱས་ནས་མི་སེམས་དང་སྟོབས་ཤུགས་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་མདུན་མངོན་གྱུར་བྱེད་པའི་ཐོག་གཅིག་འགྲིལ་བྱེད་དགོས་པ་དེ་དང་། རྨང་གཞི་གཏན་གཏོང་ཞེས་པ་ནི་རྩ་ལག་མཉམ་བཅོས་དང་རྩ་བཅོས་གལ་ཆེར་བརྩིས་ནས་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་ལས་དོན་མང་ཙམ་བསྒྲུབས་ཏེ་གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་རྨང་གཞིའི་ལས་དོན་ཏན་ཏིག་སྒྲུབ་དགོས་པ་བཅས་རེད།
གོང་གསལ་བོད་ཀྱི་ལས་ཀའི་རྩ་དོན་གལ་ཆེ་དེ་བསྒྲུབས་དགོས་པའི་དམིགས་ས་དང་ཤུགས་རྒྱག་ས་དེ་ག་རེ་ཡིན་པའི་ཐད། ཞིས་ཅིན་ཕིང་གི་གཏམ་བཤད་ནང་། བོད་ཀྱི་ལས་དོན་དམིགས་ས་དང་ཤུགས་རྒྱག་ས་དེ་ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་མངོན་གྱུར་བྱ་རྒྱུ་དེ་ལྡོག་མེད་ཀྱི་ལས་འགན་ཞིག་ལ་བརྩིས་ནས་ཕྱོགས་ཁག་གི་ལས་དོན་སྤྱི་འདོམས་འཆར་འགོད་དང་ཕྱོགས་བསྡུས་ནུས་ཤུགས་བཏོན་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་དགོས། ཞེས་བཤད་འདུག གོང་གི་གཏམ་བཤད་དེ་ནས་གནད་དོན་ག་རེ་གསལ་སྟོན་བྱེད་ཀྱི་ཡོད་དམ་ཞེ་ན།
བོད་ནང་མི་རིགས་ཁག་གི་མི་མང་ལ་ཉིན་རེ་བཞིན་གོང་འཕེལ་འགྲོ་བཞིན་པའི་དངོས་པོའི་རིག་གནས་དང་རྗེས་ལུས་ཀྱི་སྤྱི་ཚོགས་ཐོན་སྐྱེད་བར་གྱི་འགལ་ཟླ་གཙོ་བོ་དང་། “མི་རིགས་ཁག་གི་མི་མང་”ཞེས་པ་དང་ཏཱ་ལའི་རུ་ཚོགས་ཀྱིས་གཙོ་བོ་བྱས་པའི་ཁ་བྲལ་སྟོབས་ཤུགས་བར་གྱི་དམིགས་བསལ་འགལ་ཟླ་མུ་མཐུད་གནས་ཏེ་འགྱུར་བ་ཕྱིན་མེད། འགལ་ཟླ་དེ་གཉིས་ཐག་གཅོད་ཡག་པོ་བྱེད་ཐུབ་ན། ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཀྱི་ལས་དོན་ལ་ཤུགས་རྐྱེན་མི་འདྲ་བ་ཡོད། གལ་ཏེ་བོད་དུ་ཁ་བྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་དང་མི་རིགས་མཐུན་སྒྲིལ་ཐོག་གནད་དོན་ལྷག་ཚེ། རྒྱ་ནག་རྒྱལ་ཡོངས་ཀྱི་བསྒྱུར་བཅོས་གོང་འཕེལ་དང་བརྟན་རླིང་ལ་ཤུགས་རྐྱེན་ཆེན་པོ་ཕོགས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཀྱི་དམག་ཐབས་གོ་སྐབས་ལ་གནོད་སྐྱོན་དང་དོ་ཕོགས་གཏོང་སྲིད། གནད་དགག་དེ་གསལ་པོ་མཐོང་ན། གཞི་ནས་བོད་ཀྱི་ལས་དོན་དེ་དངོས་ཡོད་ཀྱི་གནད་འཁེལ་སར་ཟིན་ཐུབ་པ་རེད་ཅེས་བཤད་པ་དེས། ད་རེས་ཀྱི་ཚོགས་འདུ་ཐེངས་དྲུག་པ་དེའི་ཐོག་ཞི་ཅིན་ཕིང་གི་གཏམ་བཤད་ནང་། གུང་ཕྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་རྒྱུན་འཁྱོངས་བྱ་རྒྱུ་དང་། ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་བྱེད་ཐབས་སྲིད་བྱུས་འདི་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་བྱུས་གཞི་ཧྲིལ་པོ་གཅིག་ཡིན་པའི་གསལ་དཀྲོལ་བྱས་ཡོད་པ་དེ་ནས་ཁ་བྲལ་ལ་ངོ་རྒོལ་དང་བོད་ཀྱི་བརྟན་རླིང་གི་ལས་དོན་དེ་ཨང་དང་པོའི་དང་པོར་འཇོག་རྒྱུ་ཡིན་པ་གསལ་པོ་བསྟན་འདུག
དེ་དང་ཆབས་ཅིག་བོད་རིགས་ས་ཁུལ་ལ་དཔལ་འབྱོར་ཐད་ཕྲན་བུའི་རོགས་ཕན་བྱ་རྒྱུའི་རྣམ་པ་བསྟན་ཡོད་པ་སྟེ། ཞི་ཅིན་ཕིང་གིས་གཏམ་བཤད་ནང་། རྒྱལ་ཡོངས་ཀྱི་ས་ཁུལ་གཞན་དང་འདྲ་བར་བོད་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པའི་ཐག་གཅོད་རང་བཞིན་གྱི་དུས་མཚམས་སུ་བསླེབས་ཡོད་པས་དམངས་གཙོ་ལེགས་གཏོང་དང་མི་སེམས་གཅིག་འགྲིལ་གྱི་འགོ་འཛུགས་ས་དང་དོན་ལ་བབས་ས་དེ་ཁོང་དུ་བརྟན་པོ་ཆུད་པ་བྱས་ནས་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེ་གཏོང་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུ་སྐུལ་འདེད་ཤུགས་ཆེ་བཏང་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་མངོན་གསལ་དོད་པོ་བྱས་ནས་དབུལ་པོར་གྱུར་བའི་དགག་རྩའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་ཚོགས་ཀྱི་འཚོ་བའི་གནས་བབ་གང་མགྱོགས་ལེགས་སུ་གཏོང་དགོས་ཞེས་བཤད་འདུག་པ་ལས་བོད་དང་ཞིང་ཆེན་བཞིའི་ནང་ཡོད་པའི་བོད་མི་ཞིང་འབྲོག་གིས་གཙོ་བོ་བྱས་པའི་ཉམ་ཐག་ཁག་གཅིག་གི་འཚོ་བའི་དཀའ་ངལ་སེལ་ཐབས་བྱ་ཚུལ་བསྟན་ཡོད་འདུག་
མདོར་ན། ད་རེས་ཀྱི་ཚོགས་འདུ་ཐེངས་དྲུག་པ་དེའི་སྐོར་སྲིད་བྱུས་མཁྲེགས་སུ་གཏོང་རྒྱུ་དང་། རྒྱ་རིགས་ཅན་དུ་བསྒྱུར་རྒྱུའི་སྲིད་བྱུས་ལག་བསྟར་བྱ་འཆར་ཡོད་པ་སོགས་ཀྱི་མཐོང་ཚུལ་འགའ་ཤས་ཤིག་བྱུང་བ་དཔེར་ན།
༡) བོད་མི་རིགས་འདི་བཞིན་རྒྱ་རིགས་ཅན་ཏུ་(Assimilation)བསྒྱུར་རྒྱུའི་སྲིད་བྱུས་ལྡིང་བཞིན་ཡོད་པ་སྟེ། ཞིས་ཅིན་ཕིང་གི་གཏམ་བཤད་ནང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། ཞེས་གསལ་བའི་གོ་དོན་ནི། མཐུན་སྒྲིལ་མི་རིགས་ཞེས་རྒྱ་མི་རིགས་ཀྱི་གཙོས་མི་རིགས་གཞན་དང་བོད་མི་གཉེན་སྒྲིག་བྱ་རྒྱུའི་ལས་གཞི་ཁྱབ་གདལ་དུ་གཏང་ནས་རིམ་པས་རྒྱ་མི་རིགས་ཀྱིས་གཙོས་མི་རིགས་གཞན་མང་པོ་ཞིག་དང་བོད་མི་གཉེན་སྒྲིག་བྱས་ཏེ་བོད་ནང་བོད་མིའི་མི་འབོར་ཇེ་ཉུང་དང་མི་རིགས་འདྲེས་མ་བཟོས་རྗེས་ཀྲུང་ཧྭ་མི་རིགས་ཞེས་ལོ་དྲུག་ཅུ་ལྷག་ལས་མ་སོན་པའི་མི་རིགས་གསར་བཟོ་བྱས་དབང་དུ་བཏང་ཡང་དོན་དམ་རྒྱ་མི་རིགས་ཆེན་མོའི་རིག་གཞུང་ལ་བརྟེན་ནས་ལོ་ངོ་སྟོང་གི་ལོ་རྒྱུས་ཡོད་པའི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། ངོ་བོ། གོམས་གཤིས་སོགས་ནུས་མེད་བཟོས་ཏེ་མཐར་བོད་མི་རིགས་དེ་མན་འཇུ་དང་ནང་སོག་ལྟ་བུ་རྒྱ་མི་རིགས་ནང་མཉམ་བསྲེས་ཟླ་བསྒྲིལ་གཏོང་རྒྱུའི་ངན་བྱུས་ཤིག་ལག་བསྟར་བྱ་རྒྱུ་ཡིན་པ་གསལ་པོ་མངོན།
༢) སྐད་ཡིག་ཐད་ཞིས་ཀྱི་གཏམ་བཤད་ནང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་དེ་རིམ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་ཚན་མཉམ་བསྲེས་བྱེད་པ་དང་། རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་ཁྱབ་གདལ་བཏང་ནས་ཏང་གཅེས་རྒྱལ་གཅེས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས་ཞེས་བཤད་ཡོད། འདིར་བཀོད་པའི་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་ཟེར་བ་དེ། ༢༠༠༠།༡༢།༣༡ ཉིན་གཏན་འབེབས་བྱས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་ཁྲིམས་སྲོལ་གཏན་འབེབས་ནང་། རྒྱ་ནག་གི་སྤྱི་སྐད་(普通話)དང་། ད་ལྟ་སྤྱོད་བཞིན་པའི་རྒྱ་ཡིག་གི་ཡིག་གཟུགས་གསར་པ་(簡體字)ལ་གོ་དགོས། དེས་མི་རིགས་ས་ཁུལ་ནང་རང་མི་རིགས་ཀྱི་སྐད་ཡིག་ལ་ཆེ་མཐོང་མ་སྤྲད་པ་ནུས་མེད་བཟོ་བཞིན་ཡོད་པ་དེས། ད་རེས་རྒྱ་ནག་གཞུང་གིས་ཡང་བསྐྱར་བོད་རང་སྐྱོང་ལྗོང་ཟེར་བ་བཙུགས་ནས་ལོ་ ༥༠ འཁོར་བའི་དུས་དྲན་དང་བསྟུན་རྒྱབ་ཤ་དཀར་པོའི་དེབ་<<མི་རིགས་ས་ཁོངས་རང་སྐྱོང་བོད་ལྗོངས་སུ་ལག་བསྟར་བྱས་པ་>>ཟེར་བ་འགྲེམས་སྤེལ་བྱས་ཏེ་བོད་ནང་མི་རིགས་ས་ཁོངས་ཀྱི་ལམ་ལུགས་ལག་ལེན་བྱེད་ཚུལ་བཤད་ཀྱང་དོན་དུ་བོད་ཀྱི་རིག་གཞུང་དང་སྐད་ཡིག་ཉམ་ཞན་བཏང་དང་གཏོང་བཞིན་ཡོད་པ་དེས་དོན་དངོས་ཀྱི་ཟུར་ཟ་ཆེན་པོ་ཞིག་བྱས་པ་དང་གཉིས་སུ་མེད།
༣) ཆོས་ཕྱོགས་ཐད་ཞིས་ཀྱི་གཏམ་བཤད་ནང་། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རྒྱལ་གཅེས་ཆོས་གཅེས་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཆམ་མཐུན་ཡོང་བ། ལྷོད་གཡེང་སྤུ་ཙམ་མེད་པའི་ངང་མར་ཁེ་སི་རིང་ལུགས་ཀྱི་མེས་རྒྱལ་ལྟ་བ་དང་། མི་རིགས་ལྟ་བ། ཆོས་ལུགས་ལྟ་བ། རིག་གནས་ལྟ་བ་སོགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ངོས་འཛིན་གཅིག་མཐུན་གཅིག་འགྲིལ་བྱེད་དགོས། སོགས་བཤད་འདུག་པ་དེ་ནས་བོད་ནང་ཡོད་པའི་དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་དང་ཆོས་དད་པ་ཚོས་གུང་ཁྲན་ཏང་གི་ཁ་ལ་ཉན་པའི་ཆོས་པ་ཞིག་བྱ་དགོས་པ་ལས་རང་དབང་གིས་རང་གི་དད་མོས་ཡོད་པའི་ཆོས་འཆད་ཉན་གྱི་ཆོས་པ་ཞིག་བྱེད་མི་ཆོག་པ་བསྟན་ཡོད།
༤༽ བོད་ས་ཁྱོན་ཡོངས་ཀྱི་དཔལ་འབྱོར་གོང་འཕེལ་དང་། མི་དམངས་ཀྱི་འཚོ་བ་ཡར་རྒྱས་གཏོང་རྒྱུ་བརྗོད་ཀྱང་། དོན་དམ་དུ་དཔལ་འབྱོར་གྱི་མགོ་སྐོར་བསླུ་ཁྲིད་བཏང་སྟེ་མི་སེམས་འགུག་ཐབས་ཆེད་ཡིན་པ་སྟེ། ཞིས་ཀྱི་གཏམ་བཤད་ནང་། ངེས་པར་དུ་བོད་ཀྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་དམིགས་བསལ་འགལ་ཟླ་ཁོང་དུ་བརྟན་པོ་ཆུད་པ་བྱས་ཏེ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་འགྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་དང་དོན་ལ་བབས་སར་བྱས་ནས་ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་བྱེད་པའི་བྱེད་ཕྱོགས་སྲིད་བྱུས་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱེད་དགོས་པ། ཞེས་གསལ་བ་ལས་བོད་ཀྱི་མི་དམངས་རྣམས་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཤར་བསྐྱོད་བྱས་ན་འགྲོ་ལམ་དང་བདེ་སྐྱིད་ཡོད་ཚུལ་དང་། གལ་ཏེ་དེ་ལས་ལྡོག་ན་འགྲོ་ལམ་དང་ཕམ་ཉེས་འགྲོ་རྒྱུ་ཡིན་པར་སྡིག་སྐུལ་གཏོང་བཞིན་ཡོད་པ་དེ་ནས་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་བྱུས་མུ་མཐུད་མཁྲེགས་འཛིན་བྱ་རྒྱུ་ཡིན་པ་མ་ཟད། “ལོ་བརྒྱ་གཉིས་ཀྱི་”འབད་ཐབས་དམིགས་ཚད་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་མདུན་མངོན་འགྱུར་བྱ་རྒྱུ་བཤད་པ་དེའི་དམིགས་ཡུལ་གཙོ་བོ་ཡང་བོད་མི་རིགས་འདི་རིམ་པས་རྒྱ་རིགས་སུ་བསྒྱུར་བ་དང་བོད་ཡུལ་དེ་ཡང་རྒྱ་ཡུལ་དུ་འགྱུར་ཐབས་བྱེད་བཞིན་ཡོད་པ་གདོན་མི་ཟ་བའོ། །༢༠༡༥།༩།༨ རྡ་ས་ནས།