ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༤ རེས་གཟའ་པ་སངས།
འདི་ག་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་ས་་གནས་ཁྲིམས་ཞིབ་པ་རྣམ་རྒྱལ་ཚེ་སྐྱིད་ལགས་ཀྱིས་ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༨ རེས་གཟའ་སྤེན་པའི་ཉིན་ཌར་ཧོར་ས་གནས་འཐུས་ཚོགས་སྐབས་ལྔ་པའི་བདམས་ཐོན་ཚོགས་མི་ ༩ དང། དེ་དག་གི་ཁོངས་ནས་ཚོགས་གཙོ། ཚོགས་གཞོན་བཅས་ཀྱི་ལས་འཁུར་དམ་བཅའ་འབུལ་བཞེས་ཀྱི་གནང་སྒོ་ཁག་ལེགས་གྲུབ་བྱུང་ཡོད་པ་དང་བསྟུན།
ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༨ ཉིན་རྒྱབ་ཆུ་ཚོད་ ༢།༠༠ ནས་ ༤།༠༠ བར་ཌར་ཧོར་ས་གནས་འགོ་འཛིན་དང་ལས་དྲུང་། ས་གནས་འཐུས་ཚོགས། རང་བདེན་ཚོགས་ཆུང་གི་ཚོགས་གཙོ། སྤྱི་མི། སློབ་སྤྱི་དང་སེར་སྐྱ་མི་མང་ ༡༥༤ ཙམ་འཛོམས་ཐོག་ས་གནས་འགོ་འཛིན་ནས་བྱང་ཕྱོགས་ས་གནས་ཁྲིམས་ཞིབ་པ་ངོ་སྤྲོད་དང་སྦྲགས། ས་གནས་ཁྲིམས་པ་ནས་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་ངོ་སྤྲོད། ཁྲིམས་ལུགས་དབང་འཛིན་གྱི་ངོ་བོ་དང་། འགན་དབང་། གྲུབ་ཆ། ཁྲིམས་ཁོངས་ཁྱབ་ཚད། གྱོད་ཡའི་མོས་མཐུན་ཆོད་ཡིག ལག་བསྟར་དམ་ཡིག གཞི་རྩའི་ཆ་རྐྱེན། བྱེད་ཐབས་ཇི་ཡོད། གྱོད་ཡ་ཉམ་ཐག་ལ་མཐུན་རྐྱེན། ཞུ་རྩ་དང་ཞུ་ལན་བཟོ་ཕྱོགས། ཁྲིམས་རྩོད་པའི་སྦྱོང་བརྡར་དང་བསྐྱར་སྦྱོང་བཅས་ཀྱི་སྐོར་ངོ་སྤྲོད་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གནང་ཡོད་པ་བཅས་ཀྱི་གསར་འགྱུར་སྙིང་བསྡུས་སུ། །