ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །འདི་གར་བོད་ཀྱི་ཟློས་གར་ཚོགས་པས་བཏང་གནས་ནང་འཁོད་དོན། བོད་ཀྱི་ཟློས་གར་ཚོགས་པའི་ཡིག་ཚང་ནས་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༩ ནས་ ༡༨ བར་ཉིན་གྲངས་བཅུའི་རིང་བོད་ཀྱི་ཟློས་གར་ཚོགས་པའི་ཡིག་ཚང་གིས་གོ་སྒྲིག་འོག་སྒྱུ་རྩལ་བ་རྒན་པ་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་སྣང་གསལ་མར་མེ་ཞལ་འབྱེད་གནང་གྲུབ་མཚམས། ཚོགས་བཅར་བ་ཡོངས་ལ་རྟེན་འབྱུང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས།
དེ་ནས་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་དང། ཟབ་སྦྱོང་སློབ་ཁྲིད་པ་ཇར་མ་ནིའི་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་དང་སྒྱུ་རྩལ་བ་སྐུ་ཞབས་ Harry Fuhrmann ལགས། Schwetzinger Tibethilfe ཡི་ཚོགས་གཙོ་སྐུ་ཞབས་ Franz Maucher བཅས་ནས་རིམ་བཞིན་གསུང་བཤད་གནང་། སྐུ་མགྲོན་གཙོ་བོ་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་གིས་ལམ་སྟོན་གསུང་གནང་ཡོད།
ཐེངས་འདིའི་ཟབ་སྦྱོང་འདི་བཞིན་ཕྱི་ཟླ་ ༩ ཚེས་ ༩ ནས་ཚེས་ ༡༨ བར་འཚོགས་རྒྱུ་དང་། རིམ་བཞིན་གཏམ་བརྗོད་སྒྱུ་རྩལ་ཡར་རྒྱས་བཏང་སྟེ། འདི་ཕྱི་གཉིས་ཀྱི་སྐྱབས་གནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོ་ཞོ་སྟོན་ཐེངས་ ༢༠ པའི་ཐོག་བཀའ་སློབ་ལམ་སྟོན་སྩལ་བ་ཁག་དངོས་སུ་བསྒྲུབ་ཐབས་ཞུ་རྒྱུའི་གནས་བསྡུས་སུ། །