ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༥ རེས་གཟའ་མིག་དམར།
སྔོན་གླེང་།
༄༅། །བཙན་བྱོལ་བོད་གཞུང་གི་བཀའ་ཟུར་ས་འདུ་རིན་ཆེན་དོན་གྲུབ་མཆོག་ཡུན་རིང་སྙུན་བཞེས་ཀྱིས་མཐར་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༢༠ ཐོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད།
དམ་པ་ཁོང་ནི། མདོ་སྟོད་ཏྲེ་ཧོར་དར་རྒྱས་དགོན་གྱི་ཚོང་པ་གྲགས་ཅན་ས་འདུ་ཚང་གི་སྲས་སུ་འཁྲུངས། དགུང་ན་ཕྲ་བའི་སྐབས་ལྷ་ས་དང་རྡོ་རྗེ་གླིང་སེནཌི་འཇོ་སེབ་སློབ་གྲྭར་སློབ་གཉེར་གནང་ནས་གཞི་རིམ་སློབ་གྲྭའི་ཕྱག་འཁྱེར་བཞེས་རྗེས་ས་འདུ་ཚང་གི་བུ་རྒྱུད་ནས་གཞུང་ཞབས་ཞུས་འཐུས་བཀའ་འཁྲོལ་ལྟར། ཕྱི་ལོ་ ༡༩༤༩ ལོར་ཞབས་སྡོད་ཞུས་པ་དང་ཆབས་ཅིག བོད་གཞུང་ཕྱི་རྒྱལ་ལས་ཁུངས་ཀྱི་ལས་བྱར་བསྐོ་གཞག་སྩལ་བ་བཞིན། ཕྱི་ལོ་ ༡༩༥༧ བར་ལྷན་ཁང་དེར་ཕྱག་ལས་གནང་། ཕྱི་ལོ་ ༡༩༤༩ ལོར་རྒྱ་དམར་གུང་ཁྲན་དཔུང་དམག་བོད་དུ་བཙན་འཛུལ་བྱུང་བར་བརྟེན་ཁྱིམ་མཚེས་གལ་གནད་ཆེ་ཤོས་རྒྱ་གར་གཞུང་ལ་གང་ཅིའི་གནས་ལུགས་གསལ་ཞུ་དང་། ཞི་དྲག་གི་རོགས་རམ་འབོད་བསྐུལ་བཀའ་མོལ་གནང་བར་ཕྱི་རྒྱལ་དོ་དམ་ཛ་སག་ཟུར་ཁང་པ་རྒྱ་གར་རྒྱལ་ས་ལྡི་ལིར་ཆེད་ཕེབས་ཀྱི་ལས་བྱ་དང་། གསུང་སྒྱུར་ཆབས་ཅིག་ཏུ་བསྐོ་སྩལ་ལྟར་བཅར།
ཕྱི་ལོ་ ༡༩༥༡ ལོར་ཛ་སག་ཁེ་སྨད་བསོད་ནམས་དབང་འདུས་དང་། མཁན་དྲུང་ལྷའུ་རྟ་ར་གཉིས་པེ་ཅིང་དུ་གྲོས་མཐུན་བཀའ་མོལ་གནང་བར་ཕེབས་སྐབས། རྒྱ་གར་གཞུང་ལ་བཀའ་བསྡུར་གནང་བར་ཆེད་ཕེབས་ཀྱི་གསུང་སྒྱུར་དུ་བསྐོ་སྩལ་ལྟར་བཅར་གནང་མཛད། ཕྱི་ལོ་ ༡༩༥༤ ལོར་༸གོང་ས་མཆོག་པེ་ཅིང་དུ་ཆིབས་སྒྱུར་སྐབས་ཕེབས་སྒྲིག་སྤྱི་ཁྱབ་པའི་ལས་བྱར་བསྐོ་སྩལ་ལྟར་ཕེབས། ཕྱི་ལོ་ ༡༩༥༦ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་སྟོན་པ་སངས་རྒྱས་ཀྱི་འདས་ལོ་ ༢༥༠༠ འཁོར་བའི་དུས་དྲན་ཚོགས་ཆེན་དུ་ཆིབས་སྒྱུར་བཀའ་དྲིན་ཆེ་སྐབས་གསུང་སྒྱུར་དུ་བཅར། ཕྱི་ལོ་ ༡༩༥༧ ལོར་རྒྱ་དམར་གྱིས་ཁོང་ལ་སྐྱོན་འཛུགས་བྱས་པ་ངོས་བཞེས་མ་གནང་མཐར་བཀའ་ཤག་བཀའ་དགོངས་འགྲིམ་འགྲུལ་དོ་དམ་དུ་འཕོ་ལེན་སྩལ་ནས་ལོ་གཉིས་རིང་ཕྱག་ལས་གནང་མུས་སུ་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་། ལོ་དེའི་ཟླ་བ་གསུམ་པའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་༸ཞབས་སོར་འཁོད་དེ་མ་སུ་རིར་བཞུགས་སྒར་མཛད་སྐབས། ༸སྐུའི་གསུང་སྒྱུར་ཞབས་ཞུ་དང་། སྐུ་སྒེར་ཡིག་ཚང་དུ་ཨིན་དྲུང་གི་ཞབས་ཞུ་གནང་།
ཕྱི་ལོ་ ༡༩༥༩ ཟླ་ ༩ དང་། ཕྱི་ལོ་ ༡༩༦༠ དང་ ༡༩༦༢ སོ་སོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་དོན་སྐོར་ཞུ་བར་ཕེབས་མིའི་གྲས་སུ་ཡོད། གཞན་ཡང་ཕྱི་ལོ་ ༡༩༥༩ དང་ ༡༩༦༠ གཉིས་ལ་རྒྱལ་སྤྱིའི་ཁྲིམས་དོན་ལྷན་ཚོགས་ཀྱིས་བོད་རང་བཙན་གྱི་རྒྱལ་ཁབ་ལ་རྒྱ་དམར་གུང་ཁྲན་ནས་བཙན་འཛུལ་དང་། བོད་མིའི་ཆོས་དང་རིག་གཞུང་། མི་རིགས་བཅས་རྩ་མེད་བཟོས་དང་བཟོ་བཞིན་པའི་ཁུངས་སྐྱེལ་ཡིག་ཆ་དེབ་གཉིས་སྔ་རྗེས་སུ་སྟོན་པའི་ཡིག་ཆ་གོ་སྒྲིག་གནང་སྐབས། རྒྱ་གར་བ་ཁྲིམས་ལུགས་མཁས་པ་ཊི་ཀམ་རྡ་སི་ Indian legal advocate Late Prof Trikam Das འདས་པོའི་ཕྱག་རོགས་གནང་། ཕྱི་ལོ་ ༡༩༦༡ ནས་ ༡༩༦༣ བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་བོད་ཀྱི་མང་གཙོའི་རྩ་ཁྲིམས་གསར་དུ་བསྐྲུན་པའི་ལས་དོན་དབུ་བཙུགས་ནས་གཏན་འབེབས་མ་གནང་བར་ཁྲིམས་ལུགས་མཁས་པ་ཊི་ཀམ་རྡ་སི་ Late Prof Trikam Das དང་ལྷན་དུ་ལས་འཁུར་གནང་བ་དང་། རྗེས་སུ་རྩ་ཁྲིམས་མ་ཟིན་རོབ་ཙམ་གཏན་འབེབས་གནང་བ་རྒྱ་གར་མཁས་པ་ཁག་ལ་བཀའ་བསྡུར་དང་། དེ་རྗེས་རང་གཞུང་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་སྣར་སྐྱིད་ངག་དབང་དོན་གྲུབ་ལགས་དང་ལྷན་རྩ་ཁྲིམས་རིན་པོ་ཆེ་བོད་ཡིག་ཐོག་ཕབ་བསྒྱུར་གནང་། ཕྱི་ལོ་ ༡༩༥༩ ཟླ་ ༣ ནས་ ༡༩༦༣ ཟླ་ ༤ བར་རྒྱུན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་སྒྱུར་དང་། སྐུ་སྒེར་ཡིག་ཚང་དུ་ཨིན་ཡིག་གི་ཕྱག་ལས་གནང་།
ཕྱི་ལོ་ ༡༩༦༤ ཟླ་ ༨ བར་ལྡི་ལི་དོན་གཅོད་ཁང་དུ་ཕྱག་ལས་གནང་། ཕྱི་ལོ་ ༡༩༦༤ ལོ་མཇུག་ནས་ཀ་ལི་ཀ་ཏར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཡིད་ཆེས་མ་རྩའི་རྒྱུན་ལས་འགན་འཛིན་དུ་བསྐོ་གཞག་སྩལ་བ་ལྟར། ཕྱི་ལོ་ ༡༩༧༨ བར་ཕྱག་ལས་གནང་རིང་དགེ་བདེ་ལྕགས་མདོང་བཟོ་གྲྭའི་འགན་འཛིན་ཚ་རོང་ལ་ཕྱག་རོགས་གནང་བ་དང་། ཚ་རོང་དགོངས་ཞུ་རྗེས་འགན་འཁུར་རྐང་བཞེས་གནང་། ཕྱི་ལོ་ ༡༩༦༨ ཟླ་ ༩ པའི་ནང་ཉི་ཧོང་ནང་པའི་ཆོས་ཚོགས་ནས་བོད་ཀྱི་ཆོས་དང་། རིག་གཞུང་འགྲེམས་སྟོན་གྱི་སྐུ་མགྲོན་གཙོ་བོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུས་ལྟར་ཆིབས་སྒྱུར་བསྐྱངས་སྐབས་གསུང་སྒྱུར་དང་། ཨིན་དྲུང་ཞབས་ཞུར་བཅར། ཡང་ལོ་དེའི་ཕྱི་ཟླ་ ༡༡ ནང་ཐའི་ལེནཌ་ནང་པའི་ཆོས་ཚོགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུས་ལྟར་ཆིབས་སྒྱུར་སྐབས་གསུང་སྒྱུར་དང་ཨིན་དྲུང་ཞབས་ཞུར་བཅར། ཕྱི་ལོ་ ༡༩༧༣།༡༩༧༤ ལོར་བྷོ་པལ་སེ་ཧོར་ཤོག་བཟོ་ཁུངས་མ་འཁྱོལ་བའི་གནས་སུ་བསྡད་པའི་མ་དངུལ་རྣམས་ཕྱིར་སོན་རེ་བ་རྩ་བྲལ་ལྟ་བུའི་སྐབས་སུ། དམ་པ་ཁོང་ནས་ཐབས་ཤེས་ཀྱིས་མཐར་མ་དངུལ་ངོ་སྐྱེད་རྣམས་ཕྱིར་སོན་ཐུབ་པ་བྱུང་། ཕྱི་ལོ་ ༡༩༧༦ ལོར་ཨམ་སྦར་སར་ཡོད་ཨོ་སི་ཨེམ་ཀམ་པ་ནི་དང་བཀའ་མོལ་གནང་སྟེ་ཨམ་སྦར་སར་དཔལ་འབྱོར་ལས་ཁུངས་ཀྱི་བལ་སྤུན་ཚོང་ལས་ཀྱི་ཡན་ལག་བཙུགས། ཕྱི་ལོ་ ༡༩༧༧ ཟླ་ ༧ ནང་འབྲུག་གི་དཀའ་ངལ་སྐོར་བཀའ་མོལ་ཞུ་བར་ནང་སྲིད་དང་། དྲིལ་བསྒྲགས་བཀའ་བློན་རྣམ་གཉིས་ཀྱི་ཕྱག་རོགས་སུ་ཕེབས། འདི་སྐོར་འབྲུག་ཏུ་སྔ་རྗེས་ཐེངས་གསུམ་ཕེབས། ཕྱི་ལོ་ ༡༩༧༥ ནས་ ༡༩༧༨ བར་བོད་རིགས་གཞོན་ནུ་ཚོ་ཁག་ཅིག་ཀ་ལི་ཀ་ཏར་ཨིན་དྲུང་སློབ་གཉེར་བྱེད་མཁན་རྣམས་ལ་ཞོར་དུ་འགོ་འཚོ་སློབ་སྟོན་གནང་། ཕྱི་ལོ་ ༡༩༧༨ ཟླ་ ༣ ཚེས་ ༡༨ ཉིན་བཀའ་བློན་གྱི་གསར་མཇལ་དམ་འབུལ་ཐོག་ཕྱི་ཟླ་ ༥ ཚེས་ ༡༥ ནས་ཕྱི་ལོ་ ༡༩༨༠ ཟླ་ ༩ ཚེས་ ༡༤ བར་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་མཛད་འཁུར་བཞེས། དེ་རྗེས་ཕྱག་ལས་དགོངས་ཞུ་གནང་བ་ལྟར་དགོངས་འཁྲོལ་གྱིས་རཇ་སྤུར་དུ་བཞུགས་མུས་སུ་གོང་ཚེས་ཉིན་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག་པ་བཅས་མདོར་ན་བོད་སྤྱིའི་རྩ་དོན་དང་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་དམ་པ་ཁོང་ནི་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་དང་བཅས་པར་སྲི་ཞུ་ཞབས་འདེགས་ལྷག་བསམ་གྱི་འཇུག་སྒོ་ཆེར་བསྐྱེད་ཡུན་རིང་གནང་བའི་མཛད་རྗེས་ཅན་ཞིག་ཡིན། །
གྲོས་ཆོད།
སྐུ་གཤེགས་དེ་ཉིད་ཀྱི་རླབས་ཆེན་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། དམ་པ་དེ་ཉིད་ཀྱི་ཚེ་རབས་ཕྲེང་བར་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་དལ་བའི་རྟེན་བཟང་རིམ་བརྒྱུད་ཀྱིས་རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་། སྐུ་འཁོར་རྗེས་ཤུལ་སྐུ་ཚ་ཉེ་ལྟོས་རྣམས་ལ་ཐུགས་གསོ་ཞུ་རྒྱུ་བཅས་ཀྱི་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༥ ལ། །
གྲོས་འཆར་འདོན་མཁན་སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས།