༢༠༡༥ ཟླ་ ༩ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨིན་ཌོ་ནེ་ཤི་ཡ་དང་། ཀོ་རི་ཡ། མ་ལེ་ཤི་ཡ། སིངྒ་པུར། ཐའེ་ལན་ཌི། ཝེ་དི་ནམ་བཅས་ཨེ་ཤ་ཡའི་ཡུལ་གྲུ་ཁག་གི་དད་ལྡན་ཆོས་ཞུ་བ་ཁག་གཅིག་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༧ ནས་ ༡༠ བར་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཉིན་གྲངས་བཞིའི་རིང་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བ་གཙོ་བོར་གྱུར་བའི་ཕྱི་ནང་གི་དད་ལྡན་མི་མང་རྣམས་ལ་སློབ་དཔོན་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའིི་སྤྱོད་པ་ལ་འཇུག་པའི་ལེའུ་ ༡༠ པ་དང་། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་དང་པོ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མ་བཅས་ཀྱི་ཆོས་འབྲེལ་དབུ་འཛུགས་མཛད་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༨ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེག་ཆེན་ཆོས་གླིང་ཕོ་བྲང་གཟིམ་སྒོ་ནས་དད་ལྡན་ཨེ་ཤི་ཡའི་ཆོས་ཞུ་བའི་དབུ་བླ་དང་གནད་ཡོད་མི་སྣ་སོགས་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་གཙུག་ལག་ཁང་གི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་རྗེས་འབྲེལ་ཡོད་ཆོས་ཞུ་བའི་དབུ་བླ་དང་གནད་ཡོད་མི་སྣ་རྣམས་ལ་མཇལ་ཁ་སྩལ། དེ་རྗེས་ཐའེ་ལན་ཌི་དང་རྒྱ་རིགས་དགེ་འདུན་པ་རྣམས་ཀྱིས་ཤེས་རབ་སྙིང་པོ་སོགས་རང་རང་གི་སྐད་ཐོག་གསུང་འདོན་གནང་གྲུབ་རྗེས་བོད་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་ནང་ཆོས་ངོ་སྤྲོད་དང་འབྲེལ་བཀའ་སློབ་སྩལ་དོན།
དེ་རིང་འདིར་ཡུལ་གྲུ་ཁག་ཁ་ཤས་ནས་ཕེབས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་པ་དང་སངས་རྒྱས་པའི་ཆོས་གྲོགས་ཁྱེད་རང་ཚོ་ཚང་མར་ཞུ་རྒྱུར། ཁྱེད་རང་ཚོས་དོན་གཉེར་ཆེན་པོ་བྱས་ཏེ་འདིར་ཕེབས་པ་རེད། ཁྱེད་རང་ཚོ་ཚང་མར་དགའ་བསུ་ཞུ་གི་ཡོད། ནམ་རྒྱུན་ཡིན་ན་ཀོ་རི་ཡ་དང་། ཝེ་དི་ནམ། ལྷོ་ཤར་ཨེ་ཤི་ཡ་སོགས་ཡུལ་གྲུ་གཞན་ཁག་ནས་ཕེབས་མཁན་ཚོར་ཉིན་གྲངས་གཉིས་གསུམ་ཙམ་སོ་སོར་ཆོས་འབྲེལ་བྱེད་ཀྱི་ཡོད། ངོས་ཀྱིས་ཐེངས་འདིར་ཁུངས་སོ་སོར་ཉིན་གཉིས་གསུམ་ཆོས་འབྲེལ་བྱ་མི་དགོས་པར་ཁྱེད་རང་ཚོར་སྟབས་བདེ་བྱུང་ན་ཚང་མ་དུས་གཅིག་ལ་ཉིན་བཞི་ཙམ་ཆོས་འབྲེལ་བྱེད་རྒྱུའི་རེ་འདུན་ཞུས་པ་ལྟར། ཁྱེད་རང་ཚོས་འགྲིག་གི་འདུག་ཅེས་གསུངས་པར་བརྟེན་དེ་རིང་གི་ཆོས་འབྲེལ་འདི་བྱེད་རྒྱུ་བྱུང་བ་རེད། ཁྱེད་རང་ཚོས་མོས་མཐུན་གནང་བ་དེར་ངོས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྟོན་པ་བཅོམ་ལྡན་འདས་རང་ཉིད་དགུང་ལོ་བདུན་ཅུ་དོན་གྲངས་བཞུགས་པ་རེད། ངོས་རང་ལོ་བརྒྱད་ཅུར་ལོན་ཡོད། དེར་བརྟེན་ངོས་ཀྱིས་ཕྲན་བུ་ལྷོད་ཙམ་བྱེད་ན་མ་གཏོགས་ཧ་ཅང་བྲེལ་བ་ཚ་པོ་བྱས་ན་ཕྲན་བུ་དཀའ་ངལ་འཕྲད་ཀྱི་འདུག
ཐེངས་འདིར་ངོས་ཀྱིས་ཉིན་རེར་ཆུ་ཚོད་ ༨ ནས་ ༡༡།༣༠ བར་ཆུ་ཚོད་གསུམ་དང་ཕྱེད་ཀ་ཙམ་འགྲེལ་བཤད་རྒྱག་རྒྱུ་ཡིན། ཕྱི་དྲོ་དོན་གཉེར་ཡོད་མཁན་དང་དུས་ཚོད་ཡོད་མཁན་ཚོར་ས་ཆ་ཆ་བགོས་བྱས་ཏེ་ནང་སྦྱོང་འཛིན་གྲྭ་ལྟ་བུ་འཚོགས་ཏེ་བླ་མ་དགེ་བཤེས་ཁ་ཤས་ནས་གྲ་སྒྲིག་ཡོད་པ་དེ་དག་དང་མཉམ་བགྲོ་གླེང་བྱེད་ཐུབ་ན་ཡག་པོ་ཡོད། ངོས་ཀྱིས་སྔ་དྲོ་བཤད་པ་དེ་དག་བསྐྱར་ཟློས་བྱས་ཏེ་འགྲོ་མ་དགོས་པར་ཁྱེད་རང་ཚོས་གསལ་བཤད་དགོས་རིགས་རྣམས་དྲི་བ་དྲིས་ཏེ་གསལ་པོ་བཟོ་རྒྱུ་དང་དོགས་གཅོད་བྱེད་རྒྱུ་དེ་དག་གི་ཐོག་བགྲོ་གླེང་སོགས་བྱེད་རྒྱུ་དང་། གང་ལྟར་འདིར་ཉིན་གྲངས་བཞི་རིང་ཆོས་འབྲེལ་བྱེད་རྒྱུ་རེད། སྤྱིར་སངས་རྒྱས་པའི་ཆོས་ཞེས་པ་ནི་བསམ་བློ་གཏོང་རྒྱུ་རེད་མ་གཏོགས། བྱིན་རླབས་ཞུ་རྒྱུའི་སྐད་ཆ་མ་རེད། བྱིན་རླབས་ཞུ་རྒྱུ་ཟེར་བ་དེ་ཡོད་ཀྱང་གཙོ་བོ་བྱིན་རླབས་ནང་ནས་ཡོང་དགོས་ཀྱི་རེད་མ་གཏོགས་བྱིན་རླབས་ཕྱི་ནས་ཡོང་རྒྱུ་མེད། དེར་བརྟེན་སྔོན་དུ་སོ་སོ་རང་ཉིད་ཀྱིས་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་དེ་ཤེས་པར་བྱས་ཏེ་དེར་སྦྱོང་བརྡར་བྱས་ནས་བློ་མ་དུལ་བ་རྣམས་གདུལ་བ་དང་མ་ཞི་བ་ཞི་བར་བྱེད་དགོས། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དང་། དེ་བཞིན་བྱམས་བརྩེའི་བློ་བཟང་པོའི་ཡོན་ཏན་དེ་གཉིས་པོ་གོང་ནས་གོང་དུ་སྤེལ་བའི་ཐོག་ནས་རང་རྒྱུད་ལ་ཡོད་པའི་རང་ཕོངས་པར་བྱེད་མཁན་གྱི་བློའི་རྐྱེན་དེ་དག་རིམ་གྱིས་སེལ་བར་བྱས་ཏེ་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་བྱེད་རྒྱུ་ཞིག་དགོས་ཀྱི་ཡོད། དེ་ལྟ་བུའི་ཉམས་ལེན་བྱེད་པར་བྱེད་སྟངས་དེ་ཤེས་དགོས་ཀྱི་ཡོད། དེ་ལྟར་ཤེས་པར་ཐོས་པ་བརྩམ་དགོས་ཀྱི་ཡོད། དེར་བརྟེན་དེ་རིང་ང་ཚོ་འདིར་རུག་རུག་བྱེད་རྒྱུ་དེ་སློབ་སྦྱོང་ཡིན་བསམ་པའི་འདུ་ཤེས་འཇོག་དགོས། དེ་རིང་འདིར་བྱིན་རླབས་ཞུ་རྒྱུ་ཡིན་བསམ་པའི་སྐད་ཆ་དེ་མ་ཡིན་པར་སློབ་སྦྱོང་བྱེད་དུ་ཡོང་བ་ཡིན་བསམས་དགོས། ཕྱི་དྲོ་འཛིན་གྲྭ་འཚོགས་ཏེ་གང་ལྟར་སློབ་གྲྭའི་འཛིན་གྲྭ་ཚོགས་པ་ལྟ་བུ་གནང་ཤོག་ཨང་།
སྲོག་ཆགས་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བར་འདོད་པ་ཤ་སྟག་རེད། བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་གྱི་སྡུག་བསྔལ་གསུང་སྐབས། སྐྱེ་བའི་སྡུག་བསྔལ། ན་བའི་སྡུག་བསྔལ། རྒ་བའི་སྡུག་བསྔལ། འཆི་བའི་སྡུག་བསྔལ་ཞེས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གསུངས་ཡོད། ང་ཚོ་སྤོ་པོ་དང་རྨོ་མོ་ཚོས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་དེ་དཔེ་ཆ་ནས་ཚུར་ངོ་སྤྲོད་བྱེད་མི་དགོས་པར་ཉམས་མྱོང་གིས་ཐོག་ནས་ངོ་སྤྲོད་ཡོང་བཞིན་ཡོད། སྲོག་ཆགས་རིགས་འདྲ་མིན་ཁྲི་ཕྲག་འབུམ་ཕྲག་ཡོད་པ་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་མཚུངས་ཆགས་ཡོད། འོན་ཀྱང་མིའི་ཀླད་པ་ལྟར་བསམ་བློ་གཏོང་རྒྱུའི་ཀླད་པ་དེ་སེམས་ཅན་གཞན་ལ་མེད། སྲོག་ཆགས་གཞན་ཚོས་གནས་སྐབས་ཀྱི་སྡུག་བསྔལ་ལས་གཡོལ་ཐབས་དང་། གནས་སྐབས་སྡུག་བསྔལ་མེད་པར་ལྷོད་ལྷོད་ངང་སྡོད་རྒྱུ་ཙམ་མ་གཏོགས་བྱེད་རྒྱུ་གང་ཡང་མེད། ང་ཚོ་མིར་བསམ་བློ་གཏོང་རྒྱུའི་ཀླད་པ་ཡོད་པའི་ཆ་ནས་སེམས་ཅན་གཞན་དང་མ་འདྲ་བ་ཞིག་ཡོད། ང་ཚོར་མི་འདོད་པའི་སྡུག་བསྔལ་དེ་དག་གང་འདྲ་ཡིན་མིན་དང་། དེའི་རྒྱུ་རྐྱེན་གང་ཡིན་མིན་གྱི་བསམ་བློ་གཏོང་རྒྱུའི་ནུས་པ་ཡོད་པར་བརྟེན། ང་རང་ཚོས་དྷརྨའམ་ཆོས། ཆོས་དད་ཟེར་ནའང་འདྲ། དེ་ལྟ་བུ་མིའི་སྤྱི་ཚོགས་ནང་མ་གཏོགས། ང་རང་ཚོས་མཐོང་ཆོས་སུ་ཡོད་པའི་སེམས་ཅན་གཞན་གྱི་སྤྱི་ཚོགས་གཞན་ནང་མེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ཆོས་འབྲེལ་མུ་མཐུད་སྩལ།
ཐེངས་འདིར་ཆོས་ཞུ་བ་འཛམ་གླིང་ས་ཕྱོགས་གང་ས་ནས་བཅར་ཡོད། དེ་ཡང་ཡུལ་གྲུ་མི་འདྲ་བ་ ༦༨ ནས་ཆོས་ཞུ་བ་བཅར་ཡོད་པ་ནི། ཕྱི་རྒྱལ་བ་གྲངས་ ༡༠༧༤ དང་། གྲྭ་བཙུན་གྲངས། ༡༢༦༨ མི་དམངས་གྲངས། ༡༧༧༠ རྒྱ་གར་བ་གྲངས། ༣༨༠ ཀོ་རི་ཡ་གྲངས། ༨༠༠ རྒྱ་ནག་ནས་གྲངས། ༡༠ བཅས་ཆོས་ཞུ་བ་ཁྱོན་བསྡོམས་གྲངས། ༥༣༧༠ བཅར་འདུག ཆོས་ཞུ་བ་དེ་དག་གི་ཁོངས་ནས་ད་རེས་ཀུ་ཝེ་ཊི་ Kuwait དང་། Botswana བྷོ་སི་ཝོ་ན་ཡུལ་ནས་ཆོས་ཞུ་བ་བཅར་ཐེངས་དང་པོ་ཡིན་འདུག ཐེངས་འདིའི་ཆོས་འབྲེལ་རྣམས་སྐད་ཡིག་ཁག་བརྒྱད་ཐོག་ཐད་ཀར་གསུང་བསྒྱུར་གནང་བཞིན་འདུག་ལ་དྲ་རྒྱའི་ལམ་ནས་འཛམ་གླིང་ས་ཕྱོགས་གང་ས་ནས་གསུང་ཆོས་ཞུ་ཐུབ་པའི་མཐུན་རྐྱེན་ཡང་བསྐྲུན་ཡོད། ཐད་ཀར་གསུང་བསྒྱུར་ཞུ་བཞིན་པའི་སྐད་ཡིག་དེ་དག་ནི། ཨིན་སྐད་དང་། རྒྱ་སྐད། ཝི་ཏི་ནམ། ཀོ་རི་ཡ། ཧིན་སྐད། ཉི་ཧོང་། ཐའེ་ལན་ཌི། སི་པན། བཅས་ཡིན་འདུག