༢༠༡༥ ཟླ་ ༨ ཚེས་ ༡༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༡༢ ཉིན་འདི་གར་འབྲེལ་ཡོད་ནས་བཏང་གནས་ནང་འཁོད་དོན། ཀ) ཨོ་སི་ཊོ་ལི་ཡའི་བོད་རིགས་མཐུན་ཚོགས་ཁྱབ་ཁོངས་ཀྱི་ངོས་འཛིན་ལྡན་པའི་བོད་མི་སེར་སྐྱའི་ནང་དོལ་རྒྱལ་བསྟེན་གསོལ་དང་། དོལ་རྒྱལ་ཚོགས་པའི་བོད་ཀྱི་བསྟན་སྲིད་དང་བསྟན་འཛིན་བུ་སློབ་བཅས་པར་ལོག་པར་འཁུ་བའི་ལས་འགུལ་ཁག་ལ་མཉམ་ཞུགས་བྱེད་མཁན་གཏན་ནས་བྱུང་མེད་པ་ནི་བསྔགས་པར་འོས་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་གསལ་པོ་མཚོན་པར་གཅིག་གྱུར་ངོས་འཛིན་ཞུས་པ་དང་། རྒྱལ་བསྟན་ཕྱི་གཙང་ནང་གཙང་འཛིན་སྐྱོང་སྐོར་གྱི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་བསྟན་བདག་རྣམ་པས་བཀའ་སློབ་ཁག་ནི་བསྟན་སྲིད་སྤྱི་སྨན་གྱི་བླང་དོར་མཇུག་སྒོ་ཡང་དག་པ་ཡིན་ཡང་ཆེས་བློ་ཕམ་པར་དོལ་རྒྱལ་རྗེས་འབྲང་པ་ཁག་གིས་དེ་ལས་ལྡོག་སྟེ་བསྟན་དང་བསྟན་འཛིན་བུ་སློབ་བཅས་པར་མི་ཆོས་ལས་ཡོངས་སུ་བརྒལ་ཞིང་། གདུག་རྩུབ་ཤིན་ཏུ་ཆེ་བའི་མ་རྟོགས་པ་དང་ལོག་པར་རྟོགས་པའི་དབང་གིས་མཚན་སྨད་སྐུར་འདེབས་
དང་། འཁྱོག་བཤད་དཀྲུགས་ཤིང་། དཀར་ནག་ཕྱིན་ཅི་ལོག་པའི་ཧམ་བཤད་ལ་སོགས་པའི་དེབ་རིགས་དང་། བརྙན་པར། བགྲོ་གླེང་། རྔམ་སྟོན་སོགས་ཀྱི་གནས་ཚུལ་ཐོན་བཞིན་པ་ནི་རྒྱལ་བསྟན་རྨང་ནས་བཤིག་པའི་ཕ་རོལ་ཆབ་སྲིད་ཀྱི་ལྐོག་གཡོ་ཆེན་པོ་ཞིག་ཡིན་པར་བརྟེན། ཁོ་པ་ཚོར་ཆོས་དང་ཟང་ཟིང་གི་འབྲེལ་བ་གཙང་མ་གཅོད་རྒྱུ་དང་འབྲེལ་ཁྲིམས་མཐུན་གདོང་ལེན་མཐར་ཕྱིན་བྱེད་རྒྱུ་གཅིག་གྱུར་ངོས་འཛིན་ཤུགས་ཆེ་བྱུང་།
ཁ) བོད་རིགས་མཐུན་ཚོགས་ཁག་ནས་དོལ་རྒྱལ་གྱི་ལོག་པའི་རྒྱུ་དང་། ལོག་སྨོན་གྱི་ངོ་བོ། ལོག་པའི་བྱེད་ལས་གང་ཡིན་སྐོར་ཕྱི་ནང་མི་མང་ལ་གོ་རྟོགས་གོང་སྤེལ་ཡོང་ཐབས་བྱེད་དགོས།
ག) བོད་རིགས་མཐུན་ཚོགས་ཁག་ནས་དོལ་རྒྱལ་ཚོགས་པའི་འཁྱོག་བཤད་ཁག་ལ་མཁྱེན་ལྡན་མི་སྣའི་ཞིབ་འཇུག་ཚོགས་ཆུང་ཆེད་འཛུགས་དང་འབྲེལ་གླེང་སྟེགས་ཀྱི་ཁོར་ཡུག་བསྐྲུན་རྒྱུ།
ང) བོད་རིགས་མཐུན་ཚོགས་ཁག་ནས་དོལ་རྒྱལ་སྐོར་ཁུངས་ལྡན་ཡིག་ཆ་ཁག་ཕྱོགས་བསྒྲིགས་ཀྱིས་སྟབས་བདེའི་དྲིལ་བསྒྲགས་ཤོག་ལྷེ་དང་ཆ་འཕྲིན་བཟོ་རྒྱུ་བཅས་ལ་སྤྱི་མོས་བྱུང་འདུག་པ་བཅས།།