༢༠༡༥ ཟླ་ ༨ ཚེས་ ༧ རེས་གཟའ་པ་སངས།
༄༅། །ཤྲི་ལངྐ་ནང་པའི་ཆོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་གྱ་སྟོན་རྟེན་འབྲེལ་དང་སྦྲགས། ཚེས་བཟང་ ༡༥ ཉིན་ཆོས་ཕྱོགས་ཀྱི་མཛད་སྒོ་སྣ་ཚོགས་ཤིག་སྤེལ་འདུག
དེ་ཡང་བརྒྱུད་ལམ་ཁག་ནང་གནས་ཚུལ་སྤེལ་གསལ་ལྟར་ན། འདི་ལོར་དགུང་ལོ་བརྒྱར་ཕེབས་པའི་ཤྲི་ལངྐའི་ཆེས་མཐོ་ཤོས་ཀྱི་ནང་པའི་མཁན་པོ་ཌུ་བུལ་ཌེ་ན་ག་ས་ར་མ་ཧཱ་ནཱཡཀ་ཐེ་རོ་ Davuldena Sri Gnanissara མཆོག་གིས་ཟླ་བ་འདིའི་བོད་ཚེས་ ༡༥ ཉིན་ཏེ། ཟླ་བ་ཉ་གང་བའི་ཉིན་མོར་༸གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཀྱིས་སྔོན་བསུས་ཏེ་ཆེ་བསྟོད་ཀྱི་གསུང་བཤད་གནང་འདུག རེས་གཟའ་སྤེན་པ་ཉིན་ཤྲི་ལངྐའི་ནང་ད་བར་བྱུང་མ་མྱོང་བའི་༸གོང་ས་མཆོག་དང་བོད་ཀྱི་གནས་ཚུལ་དྲིལ་བསྒྲགས་ཀྱི་ལས་འགུལ་ཞིག་སྤེལ་འགོ་བཙུགས་ཏེ་༸གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་གྱ་སྟོན་སྲུང་བརྩི་ཞུས་འདུག
དེ་ཡང་ཉེ་ཆར་བཙུགས་པའི་ཤྲི་ལངྐའི་བོད་ཀྱི་ནང་པའི་མཐུན་ཚོགས་ཀྱི་འགན་འཛིན་ཌོག་ཊར་ར་མན་དཱ་པོ་རེ་ཇི་ལགས་ཀྱིས་གསུང་དོན་ལྟར་ན། ལོ་འདིའི་ཚེས་པ་ ༡༥ ནམ་ཡིན་ཡུལ་དེའི་དགོན་སྡེ་ཁག་༡༢ ནང་༸སྐུའི་གྱ་སྟོན་སྲུང་བརྩི་ཞུ་རྒྱུ་ཡིན་སྐོར་གསུངས་འདུག ཁོང་གིས་ད་བར་ཤྲི་ལངྐའི་ནང་བོད་ཀྱི་གནས་སྟངས་དང་༸གོང་ས་མཆོག་གིས་སྐོར་ཤེས་རྟོགས་ཡོད་མཁན་ཉུང་ཤས་ཡིན་པར་བརྟེན། ཡུལ་དེའི་སྐད་ཡིག་ཐོག་ཡོད་པའི་༸གོང་ས་མཆོག་གིས་མཛད་འཕྲིན་སྐོར་གྱི་དཔེ་དེབ་མང་ཚོགས་ཁྲོད་གོ་རྟོགས་འགྲེམས་སྤེལ་བརྒྱུད་མང་ཚོགས་ཁྲོད་གོ་རྟོགས་གོང་མཐོར་གཏོང་བཞིན་ཡོད་འདུག ཚོགས་པ་དེར་རྒྱབ་སྐྱོར་གནང་མཁན་ཤཱི་རི་ལངྐའི་ནང་པའི་དགེ་སློང་མཐོ་ཤོས་ཌོ་ཌི་ན་ག་ས་ར་མ་ཧ་ན་ཡ་ཀ་ཐི་རོ་མཆོག་གིས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་འབྲེལ་བའི་ཐོག་བརྙན་འཕྲིན་བརྒྱུད་གསུང་བཤད་གནང་སྐབས། འཛམ་གླིང་མི་མང་ཡོངས་ཀྱིས་༸གོང་ས་མཆོག་གི་མཛད་འཕྲིན་ལས་སློབ་གསོ་ལེན་དགོས་སྐོར་གསུངས་འདུག
བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་སྐུ་ཚེ་ཧྲིལ་པོའི་རིང་ཧ་ཅང་ཉམ་ཆུང་གི་འཚོ་བ་བསྐྱལ་གནང་མཛད་ནས་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་བདེ་དོན་ཆེད་ཐུགས་བརྩོན་མཛད་པ་ནི་ཀུན་གྱི་མིག་དཔེར་འོས་པ་ཞིག་དང་། ཁོང་གིས་མིའི་རིགས་ཡོངས་ཀྱི་ཆིག་སྒྲིལ་དང་ཞི་བདེ། བདེ་སྐྱིད་ཀྱི་ཆེད་སྐུ་ངལ་ལྷོད་མེད་སྐྱོན་གནང་མཛད་དང་མཛད་མུས་ཡིན། དེར་བརྟེན་ངས་༸གོང་ས་མཆོག་དང་བོད་མི་རྣམས་ང་རང་ནང་བཞིན་སྐུ་ཚེ་རིང་བ་དང་སྐུའི་འཕྲོད་བཞེས་ལེགས་པོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་དང་། ཕྱོགས་མཚུངས་ངས་གོ་སྐབས་འདི་བཟུང་ནས་༸གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན། ཞེས་སོགས་གསུངས་འདུག