༢༠༡༥ ཟླ་ ༨ ཚེས་ ༨ རེས་གཟའ་སྤེན་པ།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཁམས་དཀར་མཛེས་ནས་ཡིན་པའི་བོད་མི་ཚོང་པ་པ་སངས་དབང་ཕྱུག་ལགས་སླར་ཡང་རྒྱ་གཞུང་ཉེན་རྟོག་པས་འདི་ལོའི་ཟླ་ ༧ ཚེས་ ༦ ༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་སླར་ཡང་དོ་དམ་བྱས་འདུག
པ་སངས་དབང་ཕྱུག་ལགས་རྣམ་ཀུན་ཚོང་ལས་གཉེར་མཁན་ཞིག་ཡིན་པ་དང་། བར་ལམ་རྒྱ་ནག་གཞུང་གིས་༸སྐུའི་གྱ་སྟོན་རིང་བོད་ཀྱི་ས་ཁུལ་གང་སར་དམ་བསྒྲགས་སུན་གཙེར་ཆེན་པོ་བཟོས་ཡོད་པ་ལྟར། དཀར་མཛེས་ཁུལ་དུ་ཡང་དེ་ལྟར་སུན་གཙེར་བཟོས་པའི་སྐབས། པ་སངས་དབང་ཕྱུག་ལགས་ཀྱིས་༸སྐུའི་གྱ་སྟོན་གྱི་བསང་གསོལ་གནང་བའི་རྒྱུ་མཚན་གྱིས་ས་གནས་ཉེན་རྟོག་པས་དོ་དམ་བྱས་པ་ཞིག་རེད་འདུག
པ་སངས་དབང་ཕྱུག་ལགས་ཀྱིས་ཕྱི་ལོ་ ༢༠༡༤ ལོར་སྐད་འབོད་བྱས་རྐྱེན་དུས་ཡུན་ཟླ་བ་ཁ་ཤས་རིང་འཛིན་བཟུང་བྱས་ཀྱང་ཕྱིས་སུ་གློད་བཀྲོལ་བཏང་འདུག ད་རེས་སླར་ཡང་དོ་དམ་བྱས་སྟབས་ཕ་ཡུལ་གྱི་མི་ཚོས་ཁོང་ལ་རྒྱ་ནག་གཞུང་གིས་ཐག་གཅོད་གང་འདྲ་ཞིག་བྱས་ཡོང་སྙམ་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་པ་རེད་འདུག ཁོང་དོ་དམ་བྱས་ནས་ཟླ་གཅིག་ཙམ་འགྲོ་གི་ཡོད་ཀྱང་། མིག་སྔའི་གནས་སྟངས་དང་། བཙོན་ཁང་ངམ་བཀག་ཉར་ཁང་གང་དུ་དོ་དམ་བྱས་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཁ་གསལ་ཤེས་རྟོགས་དཀའ་བའི་གནས་སུ་གྱར་འདུག
སྤྱིར་བོད་ཀྱི་ས་ཁུལ་གང་སར་སྤྱི་ཚོགས་བརྟན་ལྷིང་ལ་ཁ་གཡར་ཏེ་དམ་བསྒྲགས་ཆེན་པོ་བྱེད་ཀྱི་ཡོད་པ་རེད་ཅེས་བོད་མི་བཙན་བྱོལ་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་སྐྱོན་བརྗོད་ཤུགས་ཆེ་བྱེད་ཀྱི་ཡོད་པ་རེད། ལྷ་ས་གྲོང་ཁྱེར་དམར་ཤོག་ཚོགས་པའི་དྲུང་ཆེ་ཆེ་དགྲ་ལྷས་ཉེ་ཆར་ལྷ་ས་གྲོང་ཁྱེར་ཁོངས་དམར་ཤོག་ཚོགས་པའི་ཚོགས་མི་རྣམས་ལ་གཞུང་འབྲེལ་ཆབ་སྲིད་ཀྱི་གཏམ་བཤད་ཅིག་སྤེལ་ཡོད་པ་དང་། གཏམ་བཤད་ཀྱི་དུམ་བུ་གཅིག་གི་ནང་དོན་ལ་དོ་སྣང་བྱེད་དགོས་པ་ཞིག་ཡོད་པ་ནི། ཆེ་དགྲ་ལྷས། ཁ་བྲལ་ལ་ངོ་རྒོལ་གྱི་སྐོར་གླེང་སྐབས་ “ ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གལ་ཆེའི་རྩ་དོན་གྱི་གནད་དོན་འདིའི་ཐོག ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་དང་། ལངས་ཕྱོགས་བརྟན་བཟུང་། རྒྱབ་མདུན་ངོ་ལྐོག་མེད་པ། རྣམ་འགྱུར་བརྟན་པོ་བྱེད་ཐུབ་པ་བྱུང་ཡོད། ང་རང་གྲོང་ཁྱེར་དམར་ཤོག་ཚོགས་པའི་དྲུང་ཆེ་བྱས་ནས་བཟུང་ཁྲིམས་འགལ་ཁ་བྲལ་གྱི་བྱེད་སྒོར་ཞུགས་མཁན་ཏང་ཡོན་(དམར་ཤོག་ཚོགས་པའི་ཚོགས་མི།)ལས་བྱེད་པ་མི་གྲངས་ ༡༦ བརྩད་གཅོད་ཐུབ་ནས་ཐག་གཅོད་བྱས་ཡོད་པ་དང་། དེའི་ཁྲོད་ནས་མི་གྲངས་ ༤ གཞུང་གི་ལས་འགན་དང་། དམར་ཤོག་ཚོགས་པའི་ཚོགས་ཁོངས་ནས་ཕྱིར་ཕུད་བྱས་ཡོད་ཅིང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་བའི་དོན་རྐྱེན་ལ་རོགས་དངུལ་སྤྲོད་པའམ་ཡང་ན་དོན་རྐྱེན་དང་འབྲེལ་བ་ཡོད་མཁན།
དེ་བཞིན་ཕྱི་ལོག་གི་ཆོས་ཕྱོགས་བྱེད་སྒོར་ཞུགས་མཁན་རྒྱལ་ཁབ་ཀྱི་ལས་བྱེད་པ་བཅས་ཁྱོན་མི་གྲངས་ ༡༧ བརྩད་གཅོད་ཐུབ་ནས་ཆད་པ་ནན་པོ་བཅད་ཡོད་པ་མ་ཟད། སྒེར་གྱི་གལ་ཆེའི་གནད་དོན་དྲང་པོ་བྱས་ནས་གོང་རིམ་ལ་སྙན་སེང་ཇི་བཞིན་མི་ཞུ་མཁན་གྱི་ལས་བྱེད་པ་མི་གྲངས་ ༥༢ ལ་ཐག་གཅོད་ནན་པོ་བྱས་ཡོད། ” ཅེས་བཤད་ཡོད་པ་དེའི་ཐོག་ནས། བོད་མི་བཙན་བྱོལ་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་གིས་བོད་ནང་བཙན་འཛུལ་བྱས་པ་ནས་བཟུང་ད་བར་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དེ་རྒྱུ་མཚན་ལྡན་པ་ཞིག་ཡིན་པ་ར་སྤྲོད་བྱུང་ཡོད་པ་རེད། གོང་དུ་ཞུས་པའི་ལྷ་ས་གྲོང་ཁྱེར་དམར་ཤོག་ཚོགས་པའི་དྲུང་ཆེ་ཆེ་དགྲ་ལྷའི་གཏམ་བཤད་ཀྱི་ནང་དོན་དེ་ཚོ་ནི། ཉིན་ཤས་སྔོན་ཏེ། ཕྱི་ལོ་ ༢༠༡༥ ཟླ་བ་ ༧ ཚེས་ ༢༩ ཉིན་གྱི་མི་དམངས་ཉིན་ཚགས་ཞེས་པའི་གཞུང་འབྲེལ་དྲ་ཐོག་ཏུ་བཀོད་ཡོད་པ་རེད་འདུག