ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་རྡ་ས་ཉེ་འགྲམ་ཅཱ་མུན་ཌར་རྟེན་གཞི་བྱས་པའི་བྷར་ཏི་ཧཱི་མ་ལ་ཡན་མི་མང་སློབ་གྲྭས་ (Bharti Himalayan Public Senior Secondary School) བོད་དོན་དང་འབྲེལ་བའི་བརྗོད་གཞི་སྣ་མང་ཐོག་གཏམ་བཤད་དང་རི་མོ་འགྲན་བསྡུར་ཞིག་གནང་སོང་། དེ་ཡང་ཐེངས་འདིའི་རྒྱ་གར་ཧི་མཱ་ལ་ཡ་ཁྱིམ་ཚང་ (Himalaya Pariwar) ཞེས་པའི་ཚོགས་པ་དང་ཕྱི་དྲིལ་ལས་ཁུངས་ཀྱི་མཐུན་འགྱུར་ཞུས་ཐོག་ཐེངས་འདིའི་འགྲན་བསྡུར་གོ་སྒྲིག་གནང་ཡོད། འགྲན་བསྡུར་ནང་དྷ་རམ་ས་ལའི་ཉེ་འདབས་ཀྱི་ཡུལ་མིའི་སློབ་གྲྭ་ཆེ་ཆུང་ཁག་ལྔའི་སློབ་ཕྲུག་རྣམས་ཀྱིས་འགྲན་བསྡུར་ནང་མཉམ་ཞུགས་གནང་ཡོད།
འགྲན་བསྡུར་གྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་དྲུང་ཆེ་ཟུར་པ་ K.C Sharma ཀེ་སི་ཤར་མཱ་མཆོག་དང་། རྡ་རམ་ས་ལའི་ས་གནས་འགོ་འཛིན་བསོད་ནམས་རྡོ་རྗེ་ལགས། དེ་བཞིན་སློབ་གྲྭའི་སློབ་སྤྱི་དང་དགེ་རྒན་ལས་བྱེད། གཏམ་བཤད་འགྲན་བསྡུར་གྱི་ཟུར་དཔང་ཀརྨ་སྨོན་ལམ་ལགས་གཙོས་པའི་ཟུར་དཔང་རྣམ་པ་དང་། དེ་བཞིན་ཕྱི་དྲིལ་འབྲེལ་མཐུད་པ་ཚེ་རིང་དབང་ཕྱུག གསར་འགོད་པ་དང་། སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༡༠༠ ལྷག་ཙམ་མཉམ་འཛོམས་གནང་འདུག མཛད་སྒོའི་ཐོག་མར་སྐུ་མགྲོན་རྣམ་པས་སྣང་གསལ་ཞལ་ཕྱེ་གནང་གྲུབ་བསྟུན། ལས་རིམ་གཙོ་སྐྱོང་བ་དང་ཧི་མཱ་ལ་ཡའི་ཁྱིམ་ཚང་གི་ས་གནས་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་རི་ཤི་ཝ་ལི་ཡ་ལགས་ཀྱིས་གཏམ་བཤད་འགྲན་བསྡུར་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་།
དེ་རྗེས་བུད་མེད་སློབ་ཕྲུག་ཁག་གཅིག་གིས་ལྷ་མོ་དབྱངས་ཅན་མའི་བསྟོད་གླུ་དབྱངས་སུ་གྱེར་ནས་ཤིས་བརྗོད་བཏོན། དེ་ནས་གཏམ་བཤད་འགྲན་སྡུར་བ་སློབ་ཕྲུག་རྣམས་ཀྱིས་འཕགས་བོད་འབྲེལ་ལམ་སྐོར་དང་། བོད་ནི་ཆུ་བོ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པ། བོད་དོན་དང་གནས་རི་རྩ་ཆེན་གངས་རིན་པོ་ཆེ། བོད་ཀྱི་ཁོར་ཡུག་རྩ་མེད་བཟོ་བཞིན་པ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པ། བོད་ཀྱི་རིག་གཞུང་ལ་ཉེན་ཁ་ཇེ་ཆེར་འགྲོ་བཞིན་པ་སོགས་བོད་དོན་དང་འབྲེལ་བའི་བརྗོད་བཞི་སྣ་མང་ཐོག་གཏམ་བཤད་སྐར་མ་ལྔའི་རིང་གནང་གྲུབ་མཚམས། སྐུ་མགྲོན་གཙོ་བོ་རྣམ་གཉིས་ནས་གསུང་བཤད་གནང་།
དེ་རྗེས་སྐུ་མགྲོན་གཙོ་བོ་རྣམ་གཉིས་ལ་སྐུ་མགྲོན་གྱི་ཕྱག་རྟགས་ཕུལ་བ་དང་ཕྱོགས་མཚུངས། ཐེངས་འདིའི་འགྲན་བསྡུར་ནང་ཟུར་དཔང་གནང་མཁན་རྣམ་པར་ཐུགས་རྗེ་ལེགས་འབུལ་གྱི་ཕྱག་རྟགས་དང་། དེ་རྗེས་སྐུ་མགྲོན་རྣམ་གཉིས་ཀྱིས་གཏམ་བཤད་དང་རི་མོའི་འགྲན་བསྡུར་ནང་རྩེ་ཕུད་སོན་པའི་སློབ་ཕྲུག་རྣམས་ལ་ལེགས་གསོལ་ཕྱག་རྟགས་གནང་སྟེ་ལས་རིམ་ཁག་མཇུག་སྒྲིལ། འགྲན་བསྡུར་སྐབས་ཕྱི་དྲིལ་འགྲེམས་སྟོན་ཚན་པས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་པར་རིགས་འགྲེམས་སྟོན་དང་། ཕྱི་དྲིལ་འགྲེམས་སྤེལ་ཚན་པས་བོད་དོན་དང་འབྲེལ་བའི་དཔེ་དེབ་ཁག་གཅིག་དགེ་སློབ་ཡོངས་ལ་འགྲེམས་སྤེལ་གནང་ཡོད་པ་བཅས། །