ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༡༠ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་ཟུར་པ་དང་དགའ་གདོང་སྐུ་བསྟེན་བསྟན་འཛིན་དབང་གྲགས་ལགས་ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༥༡ ཐོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བརྟེན། བཀའ་ཤག་ནས་དམ་པ་ཁོང་གི་རྗེས་ཤུལ་ནང་མི་རྣམས་ལ་ཐུགས་གསོའི་འཚམས་འདྲི་དང་། དམ་པ་དེ་ཉིད་ཀྱི་ཆེད་དེ་རིང་ཕྱི་ཚེས་ ༡༠ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༣ ཐོག་གཉའ་ཁྲི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དམ་པ་ཁོང་གི་ལོ་རྒྱུས་སྙིང་བསྡུས་ཤིག་སྒྲོགས་སྦྱང་གནང་རྗེས་བསྔོ་བ་སྨོན་ལམ་གསུང་འདོན་དང་། དམ་པ་ཁོང་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེ་མཚོན་བྱེད་ཉིན་རྒྱབ་ཆུ་ཚོད་ ༤ ནས་དབུས་ལས་ཁུངས་ཁག་ལས་མཚམས་བཞག་ཡོད།
དམ་པ་ཁོང་ནི། ཕྱི་ལོ་ ༡༩༣༧ ལོར་ལྷ་ས་དགའ་གདོང་དུ་འཁྲུངས་ཤིང་། ལྷ་ས་སྦྱར་པ་ཁང་གསར་སློབ་གྲྭ་དང་། ཚེ་གླིང་སློབ་གྲྭ་སོ་སོར་བོད་ཀྱི་རིག་གནས་སློབ་སྦྱོང་དང་། རྒྱ་གར་ཀ་སྦུག་སིན་ཌི་ཨི་ཀ་སི་སློབ་གྲྭར་ཨིན་ཡིག་སློབ་སྦྱོང་གནང་། ཕྱི་ལོ་ ༡༩༥༧ ལོར་འབྲས་ལྗོངས་བརྒྱུད་ཀ་སྦུག་ཏུ་འབྱོར། ཕྱི་ལོ་ ༡༩༦༣ ནས་གཞུང་གི་ལས་སྣེར་ཞུགས་ཏེ་ཤེས་རིག་ཁྱབ་ཁོངས་རྩོམ་བསྒྱུར་ཁང་དང་། ཕྱི་ལོ་ ༡༩༦༤ ནས་ནང་སྲིད་ཁྱབ་ཁོངས་ཨོ་གཞིས་བཟོ་འགོ་གནང་། ཕྱི་ལོ་ ༡༩༦༧ ནས་ཨོ་གཞིས་དོན་གཅོད་གནང་།
ཕྱི་ལོ་ ༡༩༧༠ ནས་བཀའ་ཤག་ཁྱབ་ཁོངས་ལས་བྱེད་སྒྲིག་གཞི་གསར་བཟོའི་ལས་འགན་གནང་བ་དང་། ཕྱི་ལོ་ ༡༩༧༢ ནས་བཀའ་དྲུང་གི་ལས་འགན་ཐོག་བསྐོ་གཞག་གནང་། ཕྱི་ལོ་ ༡༩༨༠ ཟླ་ ༢ ཚེས་ ༨ ནས་འཆར་འབུལ་ཕྱག་རྟགས་རིན་པོ་ཆེའི་དགོངས་དོན་གནས་ལྔ་པའི་ཐོག་སྐུ་སྒེར་དྲུང་ཆེའི་ཕྱག་རོགས་གནང་། དེ་རྗེས་བཀའ་དྲུང་ཡིག་ཚང་ནས་ཕྱི་ལོ་ ༡༩༨༦ ཟླ་ ༢ ཚེས་ ༡༥ འཁོད་པའི་ཕྱག་བྲིས་ནང་སྐུ་སྒེར་ཡིག་ཚང་དུ་ལས་བཅར་ཞབས་ཞུ་མི་དགོས་པ་དགོངས་འཁྲོལ་གནང་ཞིང་། ད་ཕྱིན་དགའ་གདོང་སྐུ་བསྟེན་གྱི་མཚན་གནས་འཁུར་ལེན་དང་འབྲེལ་སྤྱན་འདྲེན་མཛད་སྒོའི་རིགས་སུ་དེ་སྔའི་གནས་དགའ་རིམ་ཕེབས་ཀྱི་གནང་ལམ་ཇི་བཞིན་རྒྱུན་འཛིན་གནང་བ་དང་། ཕྱི་ལོ་ ༡༩༨༧ ཟླ་ ༧ ཚེས་ ༢༥ ཉིན་འཆར་འབུལ་ཕྱག་རྟགས་རིན་པོ་ཆེའི་དགོངས་དོན་སྐུ་བསྟེན་གྱི་གདན་ཐོབ་གནས་ལྔ་པར་གནས་སྤར་དང་། ཕོགས་རིམ་གནས་བདུན་པ་ཞུ་འཐུས་བཀའ་ཁྲོལ་གནང་ཡོད་པ་བཅས།།