༢༠༡༥ ཟླ་ ༨ ཚེས་ ༡༠ རེས་གཟའ་ཟླ་བ།
༄༅། །ད་ལོའི་རྒྱ་ནག་གི་བརྒྱད་གཅིག་དུས་སྟོན་ཟེར་བའི་ཐོག རྒྱ་ནག་གཞུང་གིས་བོད་ཀྱི་ཁམས་འབྲི་རུར་གཅན་གཟན་པགས་རིགས་གྱོན་ནས་འཁྲབ་སྟོན་བྱ་དགོས་པ་དང་། མ་གྱོན་ཚེ་ལོ་ལྔའི་རིང་དབྱར་རྩྭ་དགུན་འབུ་རྐོ་མི་ཆོག་པའི་སྡིགས་ར་དང་བཙན་བཀའ་བཏང་འདུག
ཡུ་རོབ་གནས་སྡོད་འབྲི་རུ་བ་བསམ་གྲུབ་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༢༥ ཉིན་ཁམས་ནགས་ཤོད་འབྲི་རུ་ས་གནས་སུ་རྒྱ་ནག་གཞུང་གིས་ངེས་པར་དུ་བྱེད་དགོས་པ་བཞི་དང་དེ་དང་འགལ་ན་མི་ཆོག་པ་བཞིའི་སྲིད་ཇུས་ལག་ལྟར་བྱས་འདུག
༡། སྒྱུ་རྩལ་གྱི་དུས་ཆེན་ངེས་པར་འཚོགས་དགོས་པ། སྒྱུ་རྩལ་དུས་ཆེན་མ་འཚོགས་ན་མི་མང་རྣམས་དབྱར་རྩྭ་དགུན་འབུ་རྐོ་མི་ཆོག
༢། སྡིངས་ཆའི་སྟེང་གཞས་སྣ་འཁྲབ་སྟོན་ངེས་པར་བྱེད་དགོས་པ། འཁྲབ་སྟོན་མ་བྱས་ན་དབྱར་རྩྭ་དགུན་འབུ་རྐོ་མི་ཆོག
༣། འཁྲབ་སྟོན་པ་རྣམས་ཀྱིས་གཅན་གཟན་གྱི་པགས་རིགས་ངེས་པར་གྱོན་དགོས་པ། མ་གྱོན་ན་དབྱར་རྩྭ་དགུན་འབུ་རྐོ་མི་ཆོག
༤། དུས་རྒྱུན་རྫོང་ཕྱི་ནང་གང་དུ་སྡོད་ཀྱི་ཡོད་ཀྱང་ངེས་པར་འཁྲབ་སྟོན་སྐབས་ལྟད་མོ་བལྟ་བར་ཡོང་དགོས་པ། ལྟད་མོ་བལྟ་བར་མ་ཡོང་ན་དབྱར་རྩྭ་དགུན་འབུ་རྐོ་མི་ཆོག་ཟེར་ནས་གཅན་གཟན་པགས་རིགས་ཀྱི་གྱོན་གོས་མང་པོ་ཁྱེར་ཡོང་སྟེ་མི་མང་རྣམས་ལ་བཙན་ཤེད་ཀྱིས་བསྐོན་ནས་སྡིངས་ཆའི་ཐོག་གཞས་འཁྲབ་ཏུ་བཅུག་པ་དང་། གལ་སྲིད་སུས་དང་ལེན་མ་བྱས་ཚེ་ལོ་ལྔ་ཡི་རིང་དབྱར་རྩྭ་དགུན་འབུ་རྐོ་མི་ཆོག་པའི་སྡིག་ར་དང་བཙན་བཀའ་བཏང་འདུག
ས་གནས་འབྲི་རུ་ལ་མཚོན་ན་མི་མང་གི་དཔལ་འབྱོར་ཡོང་ཁུངས་དང་འཚོ་རྟེན་གཙོ་བོ་དབྱར་རྩྭ་དགུན་འབུ་ཡིན་ཞིང་། གལ་སྲིད་དབྱར་རྩྭ་དགུན་འབུ་རྐོ་རུ་མ་བཅུག་ཚེ་མི་མང་གི་འཚོ་རྟེན་ལ་དོ་ཕོག་ཆེན་པོ་འགྲོ་ཡི་ཡོད་པར་བརྟེན། རྒྱ་གཞུང་ནས་དབྱར་རྩྭ་དགུན་འབུ་བརྐོ་རྒྱུར་བཀག་འགོག་གི་བཙན་བཀའ་བཏང་རྒྱུ་ནི་མི་མང་ལ་དྲག་རྩུབ་ཀྱི་སྡུག་སྦྱོང་གཏོང་བྱེད་ཀྱི་ལག་ཆ་བཟང་ཤོས་ཤིག་ལ་ངོས་འཛིན་གྱིས་འཆར་གཞི་དང་ལྡན་པའི་སྒོ་ནས་སྐྱུག་བྲོ་བའི་ལས་ངན་འདི་འདྲ་ཞིག་བརྩམས་འདུག གཞས་སྣ་འཁྲབ་སྟོན་གྱི་འདུ་འཛོམས་འདི་ནི་དབྱར་སྐྱིད་ཀྱི་དགའ་སྤྲོའི་རྣམ་པ་ཞིག་རྩ་བ་ནས་མེད་པར་མི་འདོད་བཞིན་དུ་རྒྱ་གཞུང་གི་བཙན་འོག་ཏུ་རང་དབང་སྤུ་ཙམ་མེད་པའི་འབྲི་རུའི་མི་མང་རྣམས་ལ་བཙན་དབང་གིས་བྱེད་དུ་བཅུག་པའི་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་འཁྲབ་སྟོན་ཞིག་རེད་ཅེས་ས་གནས་མི་མང་གིས་འགྲེལ་བརྗོད་བྱེད་ཀྱིན་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཁམས་འབྲི་རུར་ཆབ་སྲིད་ཀྱི་ལས་འགུལ་འདི་འདྲ་ཞིག་སྤེལ་དགོས་དོན་ནི་འབྲི་རུར་བོད་དོན་ཆེད་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བསྟུད་མར་བཏང་བ་དང་། ྋགོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས ༣༡ སྐབས་པགས་རིགས་གོས་རྒྱན་སྐོར་བཀའ་སློབ་ཕེབས་པ་བཞིན། ཕྱི་ལོ་ ༢༠༠༦ ལོར་འབྲི་རུའི་མི་མང་གིས་མ་བསྐུལ་དང་ལེན་གྱིས་གཅན་གཟན་པགས་རིགས་གང་ཡོད་མེར་སྲེག་བཏང་ཡོད་པ་དང་། ཕྱི་ལོ་༢༠༡༣ ཟླ་ ༩ ཚེས་ ༢༨ ཉིན་རྒྱ་ནག་གཞུང་གིས་བཙན་དབང་གིས་དགོན་སྡེ་དང་མི་ཚང་ཐོག་ཁར་སྐར་ལྔའི་དར་དམར་བསྒྲེངས་པར་ས་གནས་མི་མང་གིས་ངོ་
རྒོལ་གྱིས་རྒྱ་ནག་གི་དར་དམར་ཕབ་སྟེ་རྒྱལ་མོ་རྔུལ་ཆུར་གཡུགས་པ། རྒྱ་ནག་གིས་གང་བྱུང་གཏེར་སྔོག་བྱ་བར་འབྲི་རུའི་མི་དམངས་སྟོང་ཚོ་དུས་གཅིག་ཏུ་བསྡེབས་ནས་ངོ་རྒོལ་མཐའ་གཅིག་ཏུ་བྱས་པ། མི་དམངས་བརྒྱ་ཕྲག་མང་པོས་འབྲི་རུ་རྫོང་མི་དམངས་སྲིད་གཞུང་ཟེར་བའི་སྒོ་ཁར་ཟས་བཅད་ངོ་རྒོལ་བྱས་པ། ས་གནས་གཞས་པ་གཞས་མ་ཚོས་བོད་ཀྱི་ལར་ཞེན་གསོན་པར་མཚོན་པའི་གླུ་གཞས་བླངས་པ་ལ་སོགས་པའི་དོན་རྐྱེན་རབས་དང་རིམ་པར་བྱུང་རྐྱེན། གནས་ཚུལ་འདི་དག་འགེབས་སྲུང་བྱེད་པའི་ཆེད་དུ། འཆམ་མཐུན་འབྲི་རུ་དང་ཞི་བདེའི་འབྲི་རུ། འབྱོར་ཕྱུག་ལྡན་པའི་འབྲི་རུ་སོགས་ཀྱི་ཁ་གཡང་རྫུན་མ་བོས་ནས་དྲིལ་བསྒྲགས་ལོག་པ་བྱེད་ཆེད་ཡིན་པ་རེད།
རྒྱ་ནག་གཞུང་གིས་འབྲི་རུ་རྫོང་གི་ས་ཁུལ་ནི་ཆབ་སྲིད་ཐོག་བདེ་འཇགས་མེད་པའི་ས་གནས་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་ལ། རྫོང་འདི་ཞི་བདེ་ལྷིང་འཇགས་བཟོ་མ་ཐུབ་ཚེ་རང་སྐྱོང་ལྗོངས་ས་ཁུལ་གཞན་དུ་ཤུགས་རྐྱེན་ངན་པ་ཐེབས་སྲིད་པས་འབྲི་རུ་རྫོང་གི་ཡུལ་མི་རྣམས་གོ་བསྐོན་བློ་འགུགས་བཟོ་དགོས་ཟེར། འདིར་རྒྱ་ནག་གཞུང་གིས་ཞི་དྲག་གཉིས་ཐད་ནས་ལག་ལེན་འདྲ་མིན་འདེབས་བཞིན་ཡོད།
ལོ་གཉིས་ལྷག་རིང་འབྲི་རུ་རྫོང་གི་ས་ཆ་འདིར་ཁ་པར་དང་སྐད་འཕྲིན་ལ་སོགས་པའི་སྤྱི་ཚོགས་དྲ་ལམ་བཀག་སྡོམ་ཤུགས་ཆེ་བྱས་ཡོད་སྟབས། ད་ལྟའི་ཆར་ས་གནས་ཀྱི་གནས་ཚུལ་ངོ་མ་ཤེས་རྟོགས་ཐུབ་རྒྱུར་ཧ་ཅང་དཀའ། གོ་ཐོས་ལྟར་ན། ཉེ་བའི་ལོ་གཅིག་ཙམ་ནང་ས་གནས་བོད་མི་མི་ཉུང་བ་ཞིག་ཉེས་འདོགས་སྣ་ཚོགས་བྱས་ནས་དོན་མེད་ངང་བཙོན་དུ་བཅུག་ཡོད་འདུག རེད་དེ་དེ་དག་གི་ག་དུས་བཙོན་དུ་བཅུགས་པ་དང་། དོན་རྐྱེན་གང་ཡིན་པ། ལོ་གྲངས་ཅི་ཙམ་ཁྲིམས་ཐག་བཅད་པ་ལ་སོགས་པའི་གསལ་ཁ་ཅི་ཡང་མེད་པ་རེད།
འདས་པའི་ལོ་གཉིས་ལྷག་ཙམ་རིང་། ཁམས་འབྲི་རུ་ཁུལ་དུ་རྒྱ་ནག་གིས་དམ་བསྒྲགས་ཤིན་ཏུ་ཆེ་སྟབས། ས་གནས་མི་དམངས་མང་ཚོགས་འགྲོ་སྡོད་ཧ་ཅང་མི་བདེ་བ་དང་། རྫོང་ཡོངས་ཀྱི་བོད་མི་དམངས་བཟང་བཙོན་དུ་བཙུད་པའི་རྣམ་འགྱུར་ལས་ཅི་ཡང་མེད་པ་རེད།