ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༣༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༣༡ ཉིན་གྱི་སྔ་དྲོ་ཆུ ཚོད་ ༩།༣༠ ཐོག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་ཡར་རྒྱས་རམ་འདེགས་ལས་གཞི་ཚན་པས་ TED གོ་སྒྲིག་འོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཡར་ཐོན་ཚོང་ལས་གཉེར་བཞིན་པའི་ས་གནས་ཆེ་ཁག་ནས་ཚོང་པ་བརྒྱ་སྐོར་ཞིག་མཉམ་འཛོམས་ཐོག་དབུ་འབྱེད་མཛད་སྒོ་ཚོགས་སོང་།
དེ་ཡང་ཚོགས་འདུ་འདི་བཞིན་ཕྱི་ཟླ་ ༨ ཚེས་ ༣༡ ནས་ཕྱི་ཟླ་ ༩ ཚེས་ ༡ བར་ཉིན་གྲངས་གཉིས་རིང་ཡར་ཐོན་ཚོང་ལས་གནང་ཕྱོགས་དང་འབྲེལ་བའི་ཐོག་གཏམ་བཤད་དང་བགྲོ་གླེང་། འདེམས་སྒྲུག་སོགས་གནང་རྒྱུ་ཡིན་འདུག ཐེངས་འདིའི་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་པའི་ལྷན་ཁང་ཁག་གི་བཀའ་བློན་རྣམ་པ་དང་། དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་གཙོས་པའི་ལས་བྱེད་རྣམ་པ། ཚོགས་བཅར་བ། གསར་འགོད་པ་བཅས་ཁྱོན་མི་གྲངས་བརྒྱ་ལྷག་འདུ་འཛོམས་གནང་འདུག མཛད་སྒོའི་ཐོག་མར་སྲིད་སྐྱོང་མཆོག་གིས་སྣང་གསལ་ཞལ་ཕྱེ་གྲུབ་བསྟུན་རྟེན་འབྱུང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་པ་དང་། དེ་ནས་དཔལ་འབྱོར་བཀའ་བློན་མཆོག་གིས་ཐེངས་འདིའི་ཚོགས་འདུའི་ངོ་སྤྲོད་གསུང་བཤད་གནང་དོན། ཚང་མས་མཁྱེན་གསལ་ལྟར། རྒྱལ་ཁབ་གང་ཞིག་ཡིན་རུང་རྒྱལ་ཁབ་དེ་དང་དེའི་མང་ཚོགས་ཀྱི་དཔལ་འབྱོར་གནས་སྟངས་སྲ་བརྟན་དང་། ཡར་རྒྱས་གོང་འཕེལ་ཡོང་ཐུབ་ཐབས་བྱེད་རྒྱུ་ནི་ལས་དོན་གལ་ཆེ་ཤོས་ཤིག་ལ་བརྩིས་ཀྱི་ཡོད།
ང་རང་ཚོས་འདས་པའིི་ལོ་རབས་བཅུ་དགུ་དང་ཉི་ཤུའི་གནས་སྟངས་ལ་གཟིགས་པ་ཡིན་ན། ཨེ་ཤི་ཡའི་གླིང་ཕྲན་ཁག་གི་ནང་ཆགས་པའི་རྒྱལ་ཁབ་མང་པོ་ཞིག་གི་དཔལ་འབྱོར་གནས་སྟངས་ཡར་རྒྱས་ཕྱིན་པའི་གནས་ཚུལ་དེ་འདྲ་བྱུང་ཡོད། དཔེར་ན། ལྷོ་ཀོ་རི་ཡ་དང་། སིངྒ་པུར། སྔོན་གྱི་ཆགས་རབས་དང་ད་ལྟའི་ཆགས་རབས་གཉིས་ཀྱི་དབར་ཁྱད་པར་ཆེན་པོ་ཕྱིན་ཡོད། ཁྱད་པར་ཆེན་པོ་བྱུང་བ་དེ་དག་དཔལ་འབྱོར་གྱི་གནས་བབ་ཡག་པོ་བྱུང་བ་ལ་བརྟེན་ནས་བར་ཁྱད་བྱུང་བ་ཞིག་ཆགས་ཡོད། དཔལ་འབྱོར་གྱི་གནས་བབ་དེ་ཡང་ཡར་ཐོན་རིག་གསར་ཅན་གྱི་ཚོང་ལས་པ་མང་པོ་ཐོན་ཐུབ་པ་བྱུང་ཞིང་། དེ་བཞིན་བཟོ་བསྐྲུན་པ་དང་། མང་ཚོགས་ཀྱི་འཚོ་བའི་གནས་སྟངས་དང་འབྲེལ་བ་ཆགས་པའི་ཐོན་སྐྱེད་བཟོ་བསྐྲུན་པ་བཅས་སྐྱེད་སྲིང་མང་པོ་ཐུབ་པ་བྱུང་ཡོད། ལྷག་པར་ང་རང་ཚོའི་གནས་བབ་དང་འདྲ་བའི་ཇིའུ་མི་རིགས་ཀྱི་གནས་བབ་ལ་བལྟས་པ་ཡིན་ན། ལོ་ངོ་སྟོང་ཕྲག་གཉིས་ལྷག་ང་རང་ཚོ་དང་འདྲ་བར་བཙན་བྱོལ་དུ་གནས་དགོས་པ་བྱུང་ཡོད་རུང་། མི་རིགས་ཀྱི་ལེགས་བྱང་དང་། ངོ་བོ་ཉམས་ཉེས་སུ་མ་ཕྱིན་པའི་ཁར་སྲུང་སྐྱོབ་ཐུབ་པའི་གནས་སྟངས་ཤིག་ཀྱང་འགྱུར་ཡོད་པ་ཚང་མས་མཁྱེན་གསལ་རེད།
དེ་ལྟར་འགྱུར་བའི་གཞི་རྩ་ནི་དཔལ་འབྱོར་དང་ཤེས་ཡོན་གཉིས་ཀྱི་ཐོག་ལ་སྐུ་ལས་བསྐྱོན་པའི་འབྲས་བུ་ཞིག་ཆགས་ཡོད། དཔལ་འབྱོར་ཡར་རྒྱས་ཀྱི་གནས་སྟངས་འགྲོ་རྒྱུ་དེ་ཡང་མི་རིགས་ཀྱི་དཔལ་འབྱོར་གནས་སྟངས་ཉམས་རྒུད་དུ་མ་འགྲོ་བ་ཞིག་དང་། ཡང་ན་ཡར་རྒྱས་ཕྱིན་པའི་གནས་སྟངས་དེ་ཡང་དཔལ་འབྱོར་ཡོད་མཁན་གྱི་ཇིའུ་མི་རིགས་གང་ཡོད་པ་དེ་དག་གིས་ཇིའུ་མི་རིགས་གཞན་ཉམ་ཐག་པའི་རིགས་དེ་ཚོར་གནས་སྐབས་དང་འཕྲལ་སེལ་གྱི་རོགས་པ་བྱེད་པ་ཙམ་དུ་མ་ཟད། ཁོང་རང་ཚོ་ཡིན་ནའང་ཚོང་པའི་སྤྱི་ཚོགས་ཤིག་ནང་འཛུལ་ནས་ཚོང་པ་ཞིག་ལ་འགྱུར་རྒྱུར་མི་རིགས་ཚང་མས་ཤུགས་བསྐྱོན་ཡོད། དཔེར་ན་ཇིའུ་མི་རིགས་ནང་ཚོང་པ་གྲགས་ཅན་མང་པོ་ཡོད། དེ་འདྲའི་ཆ་ནས་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་མ་བརླག་པར་ཉར་བསྲུང་ཐུབ་པའི་གནད་འགག་ཅིག་ཆགས་ཡོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཇིའུ་ཡི་ཚོང་པ་ཞིག་མཇལ་འཕྲད་མཛད་པ་དང་སྦྲགས་ཇིའུ་ཚོང་པ་དེར་བཀའ་འདྲི་གནང་དོན། ཁྱེད་རང་ཚོ་ལོ་ཉིས་སྟོང་རིང་བཙན་བྱོལ་དུ་གནས་ཀྱང་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་རྣམས་ཉམ་པ་མེད་པ་གནས་ཐུབ་པའི་རྒྱུ་མཚན་གང་ཡིན་བཀའ་སྩལ་མཛད་སྐབས། བཙན་བྱོལ་བའི་མི་རིགས་ཤིག་ལ་རྒྱལ་ཁབ་རང་བཙན་ཡོད་པ་བཞིན་དཔལ་འབྱོར་གྱི་མཐུན་རྐྱེན་ཡོང་ཐབས་དཀའ། ཡིན་ནའང་རྒྱལ་ཁབ་གང་དུ་སྐྱབས་བཅོལ་དུ་གནས་ཡོད་ནའང་ཤེས་ཡོན་ཐོག་ཤུགས་སྣོན་བརྒྱབ་པ་ལ་བརྟེན་ནས་བྱུང་བ་རེད། བྱུང་སྟངས་དེ་ཡང་ངས་གོང་དུ་ཞུས་པ་བཞིན་ཇིའུ་མི་རིགས་ཕལ་ཆེ་བས་ཚོང་ལས་ཐོག་ཤུགས་བརྒྱབ་ཆེད་མི་རིགས་ནང་ཁུལ་ལ་རོགས་པ་བྱས་ནས་ཚོང་ལས་ཡར་རྒྱས་ཆེན་པོ་བྱུང་བའི་གནས་བབ་དེ་བྱུང་ཡོད། ཚོང་ལས་ལ་མ་བརྟེན་པའི་མི་རིགས་ལྷག་ཡོད་ནའང་། རིམ་པ་གཉིས་པ་ཤེས་ཡོན་ཐོག་ཤུགས་བརྒྱབ་རྗེས་དེ་རིང་ཁ་སང་རྒྱལ་ཁབ་གང་དུ་ཕྱིན་ཀྱང་། ཇིའུ་མི་རིགས་དེ་དག་ཚན་རིག་པ་ཆགས་པ་དང་། ཤེས་ཡོན་གྱི་ཐོག་ལ་མཁས་པ་མང་པོ་ཐོན་པ། གྲགས་ཅན་སྨན་པ་མང་པོ་ཐོན་པ། དེ་འདྲའི་ཆ་ནས་ཇིའུ་མི་རིགས་དེ་དག་འཛམ་གླིང་ནང་ད་ལྟའི་ཆར་གཟེངས་སུ་ཐོན་པའི་གནས་སྟངས་དེ་འདྲ་བྱུང་བ་རེད་ཅེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སྒྲོན་ཞུས་འདུག སྤྱིར་ཚང་མས་གནས་ཚུལ་འདི་མཁྱེན་གསལ་རེད།
ང་ཚོ་བོད་པའི་གནས་བབ་ཡིན་ནའང་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་འབྱོར་བ་ནས་བཟུང་མང་ཚོགས་ཀྱི་དཔལ་འབྱོར་གནས་སྟངས་ཡར་རྒྱས་ཡོང་ཆེད་ས་ཞིང་འདེབས་ལས་ཀྱི་ལས་དོན་འགོ་འཛུགས་གནང་བ་དང་། མཐུན་རྐྱེན་འཛུགས་བསྐྲུན་གྱི་ཆེད་དུ་བཟོ་གྲྭ་ཁག་མང་པོ་ཞིག་སྒོ་ཕྱེས་ཡོད། ༸སྐྱབས་མགོན་རིན་པོ་ཆེ་མཆོག་གི་དགོངས་གཞི་ལམ་སྟོན་འོག་མཉམ་འབྲེལ་གྱི་ལས་དོན་ཐོག་ནས་མང་ཚོགས་ཀྱི་དཔལ་འབྱོར་ཡར་རྒྱས་འགྲོ་ཆེད་ལས་དོན་མང་པོ་ཞིག་སྤེལ་ཡོད། ལས་དོན་དེ་དག་སྤེལ་ཐོག་ད་ལྟའི་ཆར་མང་ཚོགས་ཀྱི་དཔལ་འབྱོར་མི་དམན་ཙམ་ཡོད། ཡིན་ཡང་ང་ཚོ་བོད་པའི་སྤྱི་ཚོགས་ནང་ད་ལྟའི་ཆར་ཡར་ཐོན་ཚོང་པ་ཐོན་པ་དམིགས་བསལ་བྱུང་མེད། དེར་བརྟེན་དེ་འདྲའི་ཐོག་ནས་ད་ལྟ་ཡིན་ནའང་ང་ཚོ་མང་ཚོགས་ཀྱི་དཔལ་འབྱོར་གནས་སྟངས་སྲ་བརྟན་ཐུབ་པ་ཞིག་བཟོ་རྒྱུ་གལ་ཆེན་པོ་ཆགས་ཡོད། མདོར་དོན་སྙན་སེང་ཞུ་རྒྱུ་དེ་གང་ཡིན་ཞུས་ན། ང་རང་ཚོའི་སྤྱི་ཚོགས་ནང་བསམ་བློའི་རང་དབང་དང་དཔལ་འབྱོར་གྱི་རང་དབང་གཉིས་སྲུང་སྐྱོབ་བྱེད་མ་ཐུབ་པ་ཡིན་ན། མ་འོངས་པར་ང་ཚོ་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་དང་། མི་རིགས་ཀྱི་ངོ་བོ་སྲུང་བར་དོ་ཕོག་ཉམས་ཉེས་སུ་འགྲོ་རྒྱུ་ཡིན་པ་གསལ་པོ་རེད། དེར་བརྟེན་ལོ་བཅུ་ཕྲག་སྔོན་ལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ངོས་ནས་མང་ཚོགས་ཀྱི་ཁྲོད་ཚོང་ལས་ཀྱི་ལས་དོན་སྐྱོང་ཐུབ་པའི་ཆེད་མར་རྩ་ཆེད་འཛུགས་ཀྱི་འགོ་ཁྲིད་ཀྱི་ལས་དོན་གནང་ཡོད། མང་ཚོགས་ལ་ཕན་ཐོགས་བྱུང་ཡོད་ལ། མང་ཚོགས་ཁོངས་སུ་ཚོང་པ་གསར་པ་སྐྱེད་སྲིང་བྱ་ཕྱིར་ནུས་པ་ཐོན་པ་ཞིག་ཏན་ཏན་བྱུང་ཐུབ་ཡོད།
ཡིན་ནའང་ལོ་ཤས་སྔོན་འཕྲལ་ཕུག་གི་རྒྱུ་མཚན་མང་པོ་ཞིག་གི་ཐོག་ནས་བོད་མིའི་སྒྲིག་འཛུགས་ངོས་ནས་ཐད་ཀར་མ་རྩ་བཙུགས་ནས་ཚོང་ལས་བྱེད་རྒྱུ་དེ་མཚམས་འཇོག་གནང་ཡོད། མཚམས་འཇོག་གནང་རྗེས་ཐུན་རྐྱེན་དང་ཡོང་འབབ་ཡག་པོ་ཡོད་མཁན་ཚོ་སྒེར་བདག་ཅན་དུ་བསྒྱུར་གནང་བ་དང་། བྱེ་བྲག་ཡོང་འབབ་མེད་རིགས་རྣམས་སྒོ་བརྒྱབ་དགོས་པ་བྱུང་ཡོད། ད་ལྟའི་ཆར་སྒེར་བདག་ཅན་མང་པོ་ཞིག་ཡར་རྒྱས་ཀྱི་གནས་སྟངས་འོག་འཚོ་གནས་ཐུབ་ཡོད། དེ་རིང་ཡར་ཐོན་ཚོང་པའི་ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི་བཙན་བྱོལ་ནང་ཡར་ཐོན་ཚོང་པ་ཡོད་པ་དེ་དག་མ་འོངས་པར་དེང་དུས་ཀྱི་རིག་རྩལ་དང་མཐུན་ཞིང་ནུས་པ་ལྡན་པ་ཞིག་ཡོང་ཐབས་སྐོར་ཚོགས་འདུ་ཚོགས་པ་ཞིག་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང་། དེ་རྗེས་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་བ་དང་། དེ་ནས་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཉིན་དང་པོའི་དབུ་འབྱེད་མཛད་སྒོ་ལེགས་པར་གྲོལ། །