༢༠༡༥ ཟླ་ ༨ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༡༧ ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་ཕྱི་དྲིལ་ལས་ཁུངས་ཀྱི་བརྒྱུད་ལམ་ཁག་གི་ནང་ལས་དོན་སྒྲུབ་བཞིན་པའི་ལས་བྱེད་རྣམས་ལ་བདུན་གཅིག་རིང་གི་བོད་ཡིག་ཟབ་སྦྱོང་དབུ་འཛུགས་གནང་བ།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་རྣམ་གཉིས་དང་ཟབ་ཁྲིད་པ་ཝཱ་ཎའི་རིག་གནས་དགེ་རྒན་ལྷག་པ་ཚེ་རིང་ལགས་དང་། བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས། དེ་བཞིན་ཕྱི་དྲིལ་ལས་ཁུངས་ཀྱི་བརྒྱུད་ལམ་ཁག་གི་ནང་ཕྱག་ལས་གནང་བཞིན་པའི་ལས་བྱེད་གྲངས་ ༡༥ ལྷན་འཛོམས་ཀྱིས་བདུན་གཅིག་རིང་གི་བོད་ཡིག་གི་ཟབ་སྦྱོང་འགོ་འཛུགས་ཀྱི་ཐོག་མར། ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་བཟང་མཁས་གྲུབ་པས་འཚམས་འདྲི་དང་སྦྲགས་ཐེངས་འདིའི་ཟབ་སྦྱོང་བ་རྣམས་ལ་ཟབ་ཁྲིད་གནང་མཁན་གྱི་དགེ་ཆེ་རྣམ་གཉིས་ངོ་སྤྲོད་དང་ཟབ་སྦྱོང་གཙོ་བོ་གང་དང་གང་གནང་རྒྱུ་ཡིན་པ་ངོ་སྤྲོད་གྲུབ་རྗེས་ཕྱི་དྲིལ་དྲུང་ཆེ་རྣམ་གཉིས་ནས་ཐེངས་འདིར་ཟབ་སྦྱོང་འདི་འདྲ་ཞིག་གོ་སྒྲིག་ཞུ་དགོས་དོན་ནི་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བྱེད་པའི་ངོ་བོ་མཚོན་པའི་ལས་གཞི་ཡར་རྒྱས་གཏོང་ཆེད་དང་། ལས་འཆར་གང་དང་གང་ཡོད་པ་ཚང་མ་ཡར་རྒྱས་ཡོང་ཆེད། ཉིན་རེའི་ལས་དོན་བྱེད་ཕྱོགས་ཐད་དཀའ་ངལ་གང་དང་གང་འཕྲད་བཞིན་ཡོད་པ་དང་དོགས་དྲི་གང་དང་གང་ཡོད་པ་རྣམས་སེལ་ཐབས། ཐ་སྙད་ཇི་ལྟར་ཚད་དང་ལྡན་པ་བེད་སྤྱོད་གཏོང་དགོས་པ། ལས་དོན་སྒྲུབ་བཞིན་པའི་ལས་བྱེད་རྣམས་ཀྱི་ཤེས་ཚད་དང་ནུས་པ་གོང་མཐོར་གཏོང་རྒྱུའི་ཆེད་ཡིན་པ་སོགས་ཀྱི་གསུང་བཤད་དང་ལམ་སྟོན་གནང་རྗེས་ཐེངས་འདིའི་ཟབ་སྦྱོང་འགོ་འཛུགས་གནང་ཡོད།
ཐེངས་འདིའི་ཟབ་སྦྱོང་ནང་ཟབ་ཁྲིད་པ་གཙོ་བོ་གཉིས་དང་ཞར་བྱུང་ཟབ་ཁྲིད་པ་གསུམ་བཅས་ནས། བོད་ཀྱི་སུམ་རྟགས་ནང་གི་དཀའ་གནད་ཁག་དོན་བསྡུས་དང་། བོད་ཡིག་ཐོག་སྒྲ་བསྒྱུར་རིགས་ཇི་ལྟར་བྱེད་དགོས་མིན་སྐོར། དེང་སྐབས་བོད་ཡིག་གི་ཚགས་ཤོག་དང་དུས་དེབ་སོགས་པའི་ནང་དག་ཆའི་དཀའ་གནད། བོད་ཡིག་གི་ཞུ་དག་བྱེད་ཕྱོགས་དང་། ཞུ་དག་པས་རྟགས་གང་དང་གང་བེད་སྤྱོད་གནང་དགོས་ཀྱི་ཡོད་པ། དེ་བཞིན་དབྱིན་ཡིག་དང་ཧིན་ཡིག་སོགས་ནས་བོད་ཡིག་ཐོག་ཐ་སྙད་སྒྲ་བསྒྱུར་དང་དོན་བསྒྱུར་ཇི་ལྟར་བྱེད་དགོས་མིན། བོད་ཀྱི་གཏམ་དཔེ་ཁག་གཅིག་བེད་སྤྱོད་བྱེད་སྐབས་དོན་ལ་མི་གནས་པར་ཕྱིན་ཅི་ལོག་ཏུ་འགྲོ་བཞིན་པ་རྣམས་ངོ་སྤྲོད་གནང་རྒྱུ། བརྟན་བཞུགས་ཀྱི་ཆོ་གའི་སྐོར་དང་དེའི་བརྒྱུད་རིམ་རྣམས་རེ་རེ་བཞིན་ངོ་སྤྲོད་གནང་རྒྱུ། བོད་ཀྱི་མཐུན་མིན་སྒྲ་བསྒྱུར་སྐོར། བོད་ཡིག་གི་ཚགས་ཤོག་ཁག་ངོ་སྤྲོད་སོགས་ཀྱི་ཟབ་སྦྱོང་གནང་རྒྱུ་ཡིན།
ཟབ་ཁྲིད་པ་གཙོ་བོ། ཝཱ་ཎའི་རིག་གནས་དགེ་རྒན་ལྷག་པ་ཚེ་རིང་ལགས་དང་། བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས། ཞར་བྱུང་ཟབ་ཁྲིད་པ། རྣམ་གྲྭ་ཆོས་དགེ་དགེ་བཤེས་བློ་བཟང་གྲགས་པ་ལགས། རྣམ་གྲྭ་བོད་དགེ་ཐུབ་བསྟན་ཡར་འཕེལ་ལགས། བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་བཟང་མཁས་གྲུབ་བཅས་ཡིན།།