ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༤ ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་ཕྱི་དྲིལ་ལས་ཁུངས་ཀྱི་བརྒྱུད་ལམ་ཁག་གི་ནང་ལས་དོན་སྒྲུབ་བཞིན་པའི་ལས་བྱེད་རྣམས་ལ་དམིགས་ཏེ་བདུན་གཅིག་རིང་གི་བོད་ཡིག་ཟབ་སྦྱོང་ཕྱི་ཚེས་ ༡༧ ཉིན་འགོ་འཛུགས་གནང་བ་དེ་གོང་ཚེས་ཉིན་ཡོངས་སུ་ལེགས་པར་གྲུབ་ཡོད།
དེ་ཡང་ཟབ་ཁྲིད་པ་གཙོ་བོ་ཝཱ་ཎའི་རིག་གནས་དགེ་རྒན་ལྷག་པ་ཚེ་རིང་ལགས་དང་། བོད་ཀྱི་དཔེ་མཛོད་ཁང་གི་བོད་ཡིག་པར་སྐྲུན་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས་རྣམ་གཉིས་ནས་འདི་ག་ཕྱི་དྲིལ་བརྒྱུད་ལམ་ཁག་གི་ནང་ལས་དོན་སྒྲུབ་བཞིན་པའི་ལས་བྱེད་རྣམས་ལ་ཟབ་སྦྱོང་གནང་བའི་ནང་། སྦྱང་བྱ་ཡི་གེ་ནས་བརྩམས་ཏེ་བོད་སྐད་ཀྱི་རང་བཞིན་ངོ་སྤྲོད། དེ་ལྟའི་བོད་སྐད་སྤྱི་དང་ལྷག་པར་འབྲི་ཀློག་ཡར་རྒྱས་གཏོང་རྒྱུའི་ཐབས་སུ་དཔེ་དེབ་གང་དག་བཀློག་དགོས་པ། བོད་སྐད་ཀྱི་བྱ་ཚིག་རིགས་གཉིས། དུས་གསུམ་གྱི་དག་སྡེབ་འཐོབ་ཚུལ་རིགས་བརྒྱད། བྱེད་པ་པོ་དང་བྱ་ཡུལ་གྱི་དག་སྡེབ་གང་ཡིན། བྱེད་འབྲེལ་བྱེད་མེད་ཀྱི་གནད་འགག དག་ཡིག་གསར་པའི་རྟོགས་དཀའི་ཐ་སྙད་དང་། ནོར་ཉེན་ཡོད་པ་སོགས་ལ་བཤད་པ། དབྱིན་བོད་ཐ་སྙད་གྲངས་ ༥༠༠ ཙམ་ཞིག་སྦྱོང་དུ་བཅུག་པ། བོད་སྐད་ཀྱི་ཚིག་བསྡུའི་རྣམ་གཞག ཐུན་མོང་དང་ཐུན་མིན་བྱ་ཚིག་གི་ཁྱད་པར་དང་། བཀོལ་སྤྱོད་སྤང་བླངས། སྤྱིར་བོད་སྐད་གཙང་མ་སྤྱོད་གལ། ཧིན་ཡིག་དང་དབྱིན་ཡིག་ཐོག་ཡོད་པའི་མིང་རྣམས་བོད་ཡིག་གི་གཟུགས་སུ་ཇི་ལྟར་འབྲི་གལ་དང་ཇི་ལྟར་འབྲི་ཚུལ།
དེ་མིན་བོད་ཡིག་གི་ཞུ་དག་བྱེད་ཕྱོགས་དང་། ཞུ་དག་པས་རྟགས་གང་དང་གང་བེད་སྤྱོད་གནང་དགོས་ཀྱི་ཡོད་པ། དེ་བཞིན་པ་དང་བ་བེད་སྤྱོད་ཕྱིན་ཅི་མ་ལོག་པར་བེད་སྤྱོད་ཇི་ལྟར་གཏོང་དགོས་མིན། བོད་ཀྱི་གཏམ་དཔེ་ཁག་གཅིག་བེད་སྤྱོད་བྱེད་སྐབས་དོན་ལ་མི་གནས་པར་ཕྱིན་ཅི་ལོག་འགྲོ་བཞིན་པ་ངོ་སྤྲོད། བརྟན་བཞུགས་ཀྱི་ཆོ་གའི་སྐོར་དང་དེའི་བརྒྱུད་རིམ་རྣམས་རེ་རེ་བཞིན་ངོ་སྤྲོད། ཡིག་སྒྱུར་གྱི་བྱུང་འཕེལ་དང་། ལོ་ཙཱའི་རྣམ་གཞག བོད་ཡིག་ཐོག་ལོ་ངོ་བརྒྱའི་གོང་ནས་འཛུགས་ཀྱི་ད་བར་བྱུང་བའི་ཚགས་ཤོག་ཁག་ངོ་སྤྲོད། བཅས་ཀྱི་ཟབ་ཁྲིད་གནད་ལ་ཕིགས་པ་གནང་སོན་བྱུང་བ་བཅས། །