ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༡ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་བོད་དོན་ཐོག་དུས་ཡུན་རིང་པོར་ཧ་ཅང་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་རྒྱ་གར་ཕྱི་སྲིད་བློན་ཆེན་ཟུར་པ་ཇོར་ཇི་ཕར་ནན་ཌི་སི་མཆོག་གི་ལྡི་ལིར་དེ་སྔ་ཕྱག་ལས་གནང་ས་དེར་ཆེད་ཕེབས་གནང་ཡོད།
སྤྱིར་བློན་ཆེན་ཟུར་པ་མཆོག་དེང་གི་ཆར་སྙུང་གཞིའི་རྐྱེན་པས་ཛ་དྲག་གི་སྨན་པའི་ལྟ་སྐྱོང་འོག་གནས་ཡོད་པར་སོང་༸གོང་ས་མཆོག་ནས་ཀྱང་ཐེངས་མང་བློན་ཆེན་མཆོག་ལ་གཟིགས་རྟོགས་ཆེད་ཆིབས་སྒྱུར་བསྐྱངས་ཡོད། ཐེངས་འདིར་ནང་སྲིད་བཀའ་བློན་མཆོག་གིས་བོད་མི་མང་གིས་ཚབ་ཞུས་ཏེ་བློན་ཆེན་ཟུར་པ་མཆོག་གིས་དུས་ཡུན་རིང་པོ་ནས་བོད་ཀྱི་གནད་དོན་ཐོག་ཐུགས་བརྩེ་ཆེན་པོས་རྒྱབ་སྐྱོར་བཀའ་དྲིན་ཆེན་པོ་གནང་བར་རྗེས་དྲན་མཚོན་ཆེད་ཐུགས་རྗེ་བཀའ་དྲིན་ཆེ་ཞུས་པ་དང་སྦྲགས་བོད་མི་ཚོས་དུས་ནམ་ཡང་སྐུ་ཉིད་མཆོག་གི་བཀའ་དྲིན་རྣམས་སེམས་ནང་མ་ནུབ་པར་གནས་རྒྱུ་དང་གུས་བཀུར་ཞུ་བཞིན་ཡོད། ཅེས་གསུངས་ཡོད།
དེ་བཞིན་ནང་སྲིད་བཀའ་བློན་མཆོག་གིས་རྒྱ་གར་ནང་སྲིད་ལས་ཁུངས་སུ་ཆེད་ཕེབས་གནང་སྟེ་ཟུང་འབྲེལ་དྲུང་ཆེ་ Shri Dilip kumar ཌི་ལིབ་ཀུ་མར་མཆོག་དང་ཁོང་གི་ལས་བྱེད་རྣམས་དང་མཇལ་འཕྲད་གནང་སྟེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་ཉེ་ལམ་རྒྱ་གར་ནང་ཡོད་བོད་མིའི་གཞིས་ཆགས་ཁག་གི་འཛིན་སྐྱོང་སླད་རོགས་དངུལ་ཧིན་སྒོར་ས་ཡ་ ༤༠༠ གནང་སོན་བྱུང་བར་བཀའ་དྲིན་ཆེ་ཞུས་ཡོད། རོགས་དངུལ་དེ་ནི་ལོ་ལྔའི་ནང་ཚུད་ལ་ཡིན་པ་དང་ད་དུང་བཀའ་བློན་མཆོག་གི་གཞིས་ཆགས་ཁག་གི་གནས་སྟངས་ཁ་གསལ་ངོ་སྤྲོད་གནང་ཡོད།
ཐེངས་འདིར་བཀའ་བློན་མཆོག་དང་ལྷན་དུ་ལྡི་ལིའི་དོན་ཁང་གི་དྲུང་ཆེ་ཚེ་དབང་རྒྱལ་པོ་ལགས་ཀྱང་གོང་གསལ་གནང་སྒོ་ཁག་གཉིས་ཀར་ལྷན་བཅར་ཞུས་ཡོད། ནང་སྲིད་བཀའ་བློན་མཆོག་རྗེས་ཉིན་དེར་བྷེང་ལོར་ལ་ཕྱོགས་ཕེབས་ཀྱི་མངའ་སྡེའི་འཛིན་སྐྱོང་ལས་ཁུངས་དང་ལྷན་གལ་ཆེའི་ལས་འཆར་ཆེད་བཀའ་བསྡུར་གནང་རྒྱུ་ཡིན་འདུག །