༢༠༡༥ ཟླ་ ༨ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །ཉེ་ལམ་ལྷོ་ཨ་ཕི་རི་ཁའི་ཡི་ཤུའི་ཆོས་དཔོན་སྐུ་ཞབས་ཌེ་སི་མོན་ཊུ་ཊུ་Archbishop Emeritus Desmond Tutu མཆོག་སྐུ་གཟུགས་མི་བདེ་བ་བྱུང་སྟེ་སྨན་ཁང་བསྟེན་གཏུགས་གནང་དགོས་ཐུག་ཡོད་ཀྱང་། ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༤ ཉིན་གྱི་སྔ་དྲོ་ཆོས་དཔོན་མཆོག་གི་ནད་གཞིར་དྲག་སྐྱེད་ཡག་པོ་བྱུང་སྟེ་སྨན་ཁང་ནས་རང་ཁྱིམ་དུ་ཕྱིར་ཕེབས་གནང་ཐུབ་པའི་གནས་ཚུལ་ཐོན་འདུག
དེ་ཡང་སྐུ་ཞབས་ཊུ་ཊུ་མཆོག་གིས་དགེ་རྩ་ཚོགས་པས་གསལ་བསྒྲགས་སྤེལ་གསལ་ལྟར་ན། འདས་པའི་ལོ་ངོ་ ༡༨ ལྷག་གི་སྔོན་སྐུ་ཞབས་ཊུ་ཊུ་མཆོག་གི་གཅིན་སྒང་དང་འབྲེལ་བའི་འབྲས་ནད་ prostate cancer ཀྱི་ནད་གཞི་དེར་སྨན་བཅོས་བྱེད་སྐབས་གཉན་ཁ་བྱུང་བ་ཞིག་ཡིན་འདུག ཁོང་གི་སྲས་མོ་མ་ཕོ་ཊུ་ཊུ་ Mpho Tutu ལགས་ཀྱིས་ད་ཆ་འབྲས་ནད་དེ་དྲག་སྐྱེད་ཡག་པོ་བྱུང་ཡོད་སྐོར་གསུངས་འདུག སྐུ་ཞབས་ཊུ་ཊུ་མཆོག་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དུས་ཡུན་རིང་པོ་ནས་ཐུགས་ངོ་མཁྱེན་ལ་མཛའ་བརྩེ་ལྡན་པའི་ཡི་ཤུའི་ཆོས་དཔོན་ཞིག་ཡིན། ཁོང་གིས་རྡ་སར་ཆེད་ཕེབས་གནང་སྟེ་༸གོང་ས་མཆོག་དང་མཇལ་འཕྲད་གནང་ཡོད་ལ་དུས་སྟོན་མང་པོར་ལྷན་འཛོམས་ཀྱིས་ཞི་བདེའི་ཆེད་བཀའ་བསྡུར་མང་པོ་མཛད་མྱོང་མཁན་ཞིག་དང་བོད་ཀྱི་གནད་དོན་ཐད་བདེན་རྒྱབ་གནང་མཁན་ཞིག་ཀྱང་ཡིན་པས། ང་ཚོས་ཁོང་གི་སྙུང་གཞི་རྣམས་ཡོངས་སུ་དྭངས་ཏེ་མཛད་འཕྲིན་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད།།