༢༠༡༥ ཟླ་ ༨ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དུ་མངའ་སྡེའི་འབྲེལ་ཡོད་ལས་ཁུངས་ཁག་གི་དཔོན་རིགས་དང་མཇལ་འཕྲད་ཀྱིས་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ནང་རྒྱ་གར་དབུས་གཞུང་གིས་གཏན་འབེབས་གནང་བའི་ཕྱི་ལོ་ ༢༠༡༤ བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་Tibetan Rehabilitation Policy – 2014ལག་བསྟར་དགོས་པའི་འབོད་སྐུལ་ཞུས་དོན་ལྟར། མངའ་སྡེ་གཞུང་གིས་འབྲེལ་ཡོད་ལས་ཁུངས་ཁག་ལ་ཕྱི་ལོ་ ༢༠༡༤ བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ཞེས་པ་དེ་ལག་བསྟར་གནང་འགོ་འཛུགས་དགོས་པའི་གཞུང་འབྲེལ་བརྡ་ཁྱབ་གནང་འདུག
བཀའ་བློན་མཆོག་གིས་ཀར་ན་ཊ་ཀའི་མངའ་སྡེའི་ནང་སྲིད་ལས་ཁུངས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཨེས་ཀེ་པཱཊ་ན་ཡཀ་ Shri. S.K. Pattanayak ལགས་ལྷན་མཇལ་འཕྲད་ཞུས་ནས་ཀར་ན་ཊ་ཀ་མངའ་སྡེ་གཞུང་ནས་རྒྱ་གར་དབུས་གཞུང་གིས་ལམ་སྟོན་གཞིར་བཟུང་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་དེ་དངོས་སུ་ལག་བསྟར་འགོ་འཛུགས་གནང་དགོས་པའི་འབོད་སྐུལ་ཞུས་པ་ལྟར། སྐུ་ཞབས་ཨེས་ཀེ་པཱཊ་ན་ཡཀ་ལགས་ཀྱིས་འཕྲལ་མར་མངའ་སྡེའི་ཁྲལ་བསྡུ་དང་། ས་ཁང་། དེ་བཞིན་རྫོང་དཔོན་སོགས་ལ་སྲིད་བྱུས་འདི་མགྱོགས་མྱུར་ལག་བསྟར་འགོ་འཛུགས་དགོས་པའི་བཀའ་ནན་གནང་འདུག མཇལ་འཕྲད་སྐབས་མངའ་སྡེའི་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་ཨེ་ཇི་བྷཊ་ Mr. A.G. Bhatt ལགས་དང་། སྦེང་ལོར་དུ་རྟེན་གཞི་བྱས་པའི་ལྷོ་སྤྱི་ལས་ཁུངས་ཀྱི་ཆོད་གན་དྲུང་གཞོན་ཆོས་འཕེལ་ཐུབ་བསྟན་ལགས། སྦེལ་ཀོབ་ལུགས་བསམ་དང་བདེ་སླར་གཉིས་ཀྱི་ས་གནས་འགོ་འཛིན། མཉམ་འབྲེལ་ཚོགས་གཙོ་བཅས་ཀྱང་ལྷན་བཅར་ཞུས་འདུག
སྐབས་དེར་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་ཕྱིར་བསྐྱོད་ལག་དེབ་སེར་པོ་དང་རྒྱ་གར་དུ་ཕྱིར་ལོག་མཐོང་མཆན་སོགས་ཞུས་སྐབས་དུས་ཡུན་རིང་པོ་འགོར་བཞིན་པའི་དཀའ་ངལ་ཁག་སྙན་སེང་ཞུས་འདུག་པས། མངའ་སྡེ་གཞུང་གིས་གོང་གསལ་གནད་དོན་ཁག་ལ་ཐུགས་ཞིབ་དང་འབྲེལ་དཀའ་ངལ་སེལ་རྒྱུའི་འབད་བཙོན་གནང་རྒྱུ་ཡིན་པ་སོགས་ཀྱི་ཞལ་བཞེས་གནང་བ་དང་སྦྲགས། འབྲེལ་ཡོད་སྤྱི་ཁྱབ་སྐོར་སྲུང་ལས་ཁུངས་ཁག་ལ་ལས་དོན་མྱུར་སྒྲུབ་ཡོང་རྒྱུའི་བརྡ་ཁྱབ་གསར་པ་ཞིག་ཡང་གཏོང་རྒྱུ་ཡིན་སྐོར་གསུངས་འདུག
ཕྱོགས་མཚུངས་བཀའ་བློན་མཆོག་གིས་ཐེངས་འདིར་ཀར་ན་ཊ་ཀ་མངའ་སྡེའི་འབྲེལ་ཡོད་ལས་ཁུངས་ཁག་གི་དཔོན་རིགས་གཞན་མང་དག་ཅིག་དང་ལྷན་མཇལ་འཕྲད་གནང་ཡོད་པ་མ་ཟད། ལྷོ་ཕྱོགས་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་རྣམ་པ་དང་ལྷན་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་དང་འབྲེལ་བའི་གནད་དོན་ཐོག་ཚོགས་འདུ་ཚོགས་ཡོད་འདུག འདི་ཟླའི་ཕྱི་ཚེས་ ༢༧ ཉིན་སྦེང་ལོར་ཁུལ་གྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་ཀྱིས་ལྡི་ལིར་ཕེབས་ཐོན་གནང་འདུག་པ་བཅས།།