༢༠༡༥ ཟླ་ ༨ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༢།༡༣།༡༤ བཅས་ཉིན་གྲངས་གསུམ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཇར་མན་དུ་ཆིབས་སྒྱུར་སྐབས་ས་གནས་བོད་མི་ཚོས་སྐུའི་འཁྲུངས་སྐར་གྱི་གྱ་སྟོན་མཛད་སྒོ་གོ་སྒྲིག་ཞུས་པའི་སར་རྒྱ་རིགས་རི་མོ་བ་མཱང་ཧོང་ Meng Huang གིས་མིང་ལ་ “དགོངས་དག” ཅེས་བཏགས་པའི་རི་མོ་ཞིག་འབུལ་ལམ་ཞུས་པ་དང་ཆབས་ཅིག་རྒྱ་སྐད་ཀྱི་ཐོག་ནས་གཏམ་བཤད་ཐུང་ཐུང་ཞིག་སྤེལ་བ་དེ་བདེ་སྲུང་ལས་ཁུངས་ཀྱི་དྲུང་འཕར་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་བོད་སྒྱུར་ཞུས་པ་གཤམ་གསལ། གུས་ཤིང་བརྩེ་བའི་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ། ངས་སྐུ་ཉིད་ཀྱི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། གྲོགས་པོ་རྣམ་པ་ཡོངས་ལ་ཡང་འཚམས་འདྲི་ཞུ་རྒྱུ་དང་འབྲེལ་དེ་རིང་འདི་གར་བཅར་རྒྱུ་བྱུང་བར་ཧ་ཅང་གི་དགའ་པོ་བྱུང་ཞེས་ཞུ་རྒྱུ་ཡིན།
ངའི་མིང་ལ་མཱང་ཧོང་(Meng Huang)ཟེར་གྱི་ཡོད། ང་ནི་རི་མོ་བ་ཞིག་ཡིན། མི་ལོ་ ༢༠ ལྷག་གྱི་སྔོན་ལ་ང་རང་སློབ་གྲྭ་ཆེན་མོ་ཐོན་རྗེས་རང་རྐྱ་འཕེར་བའི་སྒོ་ནས་གསར་རྩོམ་བྱེད་འགོ་བཙུགས་ཤིང་། ངས་རི་མོ་འབྲི་སའི་རས་གཞི་སྟོང་པ་སྟོང་རྐྱང་ཞིག་ལ་བལྟས་ནས་སྡོད་སྐབས། ང་རང་ནི་ཅི་བསམ་འདི་བསམ་མེད་པར། ང་ཞེས་པའི་གང་ཟག་འདི་དང་། འཛམ་གླིང་འདིར་རང་ཉིད་སྒེར་གྱི་ལྟ་ཚུལ་དང་། ཚོད་བགམ་ཅི་ཡང་མེད་སྟབས་ངེས་པར་དུ་རང་གིས་རང་ལ་སློབ་གསོ་གཏོང་དགོས་པ་རིམ་བཞིན་མྱོང་རྟོགས་བྱུང་།
དེར་བརྟེན་ཕྱི་ལོ་ ༡༩༩༥ ལོར་ང་རང་རྒྱ་ནག་པེ་ཅིང་ནས་རྡོག་ཐོན་གྱིས་སྤྲོ་འཆམ་འགྲུལ་བཞུད་བྱེད་འགོ་བཙུགས། རྨ་ཆུ་བརྒལ་ཞིང་། ས་སེར་མཐོ་སྒང་(Loess Plateau)ལ་འཛེགས་ནས་རྒྱ་ནག་ཤི་ཨན་དང་། ལན་ཀྲུའུ་བརྒྱུད་མཚོ་སྔོན་པོ་དང་། གོར་མོ་གྲོང་ཁྱེར་དུ་འབྱོར། ཁུ་ནུ་ལ་རི་རྒྱུད་(Kunlun Mountains)དང་། གདང་ལ་(Tanggula)བརྒྱབ་ནས་མཚན་མོར་གནས་མཆོག་ཏུ་གྲགས་པའི་གྲོང་ཁྱེར་ལྷ་སར་འབྱོར། འགྲུལ་བཞུད་ཀྱི་ལམ་བར་བདག་གི་ཡིད་སེམས་གཡོ་འགུལ་གཏོང་མཁན་ནི་བོད་ཀྱི་མཛེས་ལྗོངས་ཡིན།
ཡུལ་ལྗོངས་ནི་མི་དང་འདྲ་བར་རྣམ་འགྱུར་དང་གཤིས་ཀ་ཡོད་པ་ཙམ་མ་ཟད། དེས་སོ་སོའི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཀྱང་མཚོན་ཐུབ་ཀྱི་ཡོད། ང་རང་ཡངས་ཤིང་རྒྱ་ཆེ་བའི་ས་འདིའི་སྟེང་དང་། ཚ་ཤུགས་ཆེ་བའི་ཉི་འོད་ཀྱི་འོག་ཏུ་ལངས་བཞིན་ངོ་མཚར་ཆེ་བའི་གངས་རིའི་རི་རྩེ་དང་། ཡམ་ཡོམ་བྱེད་པའི་སྤྲིན་ཚོགས། ལང་ལོང་དུ་འཕྱུར་བའི་གཙང་པོར་བལྟ་བཞིན་བློ་རྩེ་གཅིག་སྒྲིམ་གྱིས་ཡུལ་ཀྱི་བཀོད་པའི་གཟུགས་དངོས་འབྲི་བཞིན་པའི་ཚུལ་འདི་ནི། ཕྱི་ཚུལ་ནས་བལྟས་ན། ངས། རང་གིས་མཐོང་བའི་ཡུལ་ལྗོངས་འབྲི་ཁུལ་ཡང་དོན་དུ་བོད་ཀྱི་ཡུལ་ལྗོངས་ཀྱིས་ངའི་སེམས་ཁམས་བཟོ་སྐྲུན་བྱས་ཡོད། དེར་བརྟེན་དུས་དེ་ནས་བཟུང་ང་རང་ཡུལ་ལྗོངས་འབྲི་རྒྱུར་དགའ་བའི་རི་མོ་བ་ཞིག་ཏུ་གྱུར།
མཛའ་བརྩེ་ལྡན་པའི་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ། ང་དེ་རིང་འདིར་ལངས་ནས་སྐུ་ཉིད་ཀྱི་སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་བྱུང་ཡང་། ངའི་བོད་རིགས་གྲོགས་པོ་དེ་དག་གིས་སྐྱབས་མེད་མགོན་མེད་ཀྱི་ཁོར་ཡུག་ཁྲོད་དུ་ཚེ་འདིར་སྐུ་ཉིད་ཀྱི་གསེར་ཞལ་ཐེངས་གཅིག་མཇལ་རྒྱུའི་རེ་སྒུག་ཞུ་བཞིན་ཡོད། ངས་འདིར་གྲོགས་པོ་ཁ་ཤས་ཀྱི་མིང་སྨོས་ནས་ཁོང་ཚོས་སྐུ་ཉིད་ལ་བཅངས་པའི་གུས་བཀུར་དང་། བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་ཆོག་པའི་བཀའ་འཁྲོལ་ཞུ་རྒྱུ་ཡིན། ཁོང་ཚོ་ནི། དཔའ་རྒྱལ་དང་། ཀླུ་འབུམ་ཚེ་རིང་། སྒྲོལ་མ། ངའི་གྲོགས་པོ་ཉེ་ཤོས་རྩོམ་པ་པོ་ཚེ་རིང་འོད་ཟེར་བཅས་ཡིན། སྐུ་ཉིད་ནས་རི་མོ་བ་ཨ་མདོ་བྱམས་པ་ཐུགས་དྲན་གསོས་ཀྱི་ཡོད་ཤག་རེད། ལྷ་སར་ཐེངས་དང་པོར་ཁོང་གི་གཟིམ་ཤག་ཏུ་ཁོང་མཇལ་རྒྱུའི་གོ་སྐབས་བྱུང་བའི་སྐབས་དེར། ཁོང་གིས་ཕོ་བྲང་པོ་ཏཱ་ལའི་རི་མོ་ཞིག་འབྲི་བཞིན་པའི་སྐབས་དང་འཁེལ་ཞིང་། ངས། བགྲེས་སོང་ཁོང་ལ་རི་མོ་འདི་འབྲི་འགོ་བཙུགས་ནས་དུས་ཡུན་ཅི་ཙམ་སོང་ངམ་ཞེས་བཀའ་འདྲི་ཞུས་པར། ཁོང་གིས། རི་མོ་འདི་བྲིས་ནས་ཟླ་བ་གསུམ་ཙམ་ཕྱིན་པ་རེད། འོན་ཀྱང་ད་ལྟའང་ཚར་མ་སོང་། ཉིན་ལྟར་རི་མོ་མ་འབྲི་སྔོན་དུ། སྔོན་ལ་ལག་པ་འཁྲུ་བ་དང་། ཞལ་འདོན་གསུངས་པ། དེ་ནས་སྐུ་ཕྱག་ཕུལ་རྗེས་སྐྱིལ་ཀྲུང་བསྒྲིགས་ནས་རི་མོ་འབྲི་གི་ཡོད་ཅེས་གསུངས་བྱུང་། དེ་ནས་བཟུང་ངའི་སེམས་ནང་སྒྱུ་རྩལ་བ་ཞིག་གིས་རི་མོ་འབྲི་དུས་ངེས་པར་དུ་ལྷག་བསམ་ཞིག་དགོས་པ་མ་གཏོགས། དེ་ལས་གཞན་པའི་ཐབས་ལམ་གང་ཡང་མེད་པ་གཞི་ནས་ཤེས་རྟོགས་བྱུང་།
མཛའ་བརྩེ་དང་ལྡན་པའི་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་སྙན་སྒྲོན་ཞུ་རྒྱུར། འདི་མཉམ་འབུལ་ལམ་ཞུ་རྒྱུའི་རི་མོ་འདི་ནི་ངས་བྲིས་པའི་མཆོད་རྟེན་ལྔ་ཡིན་ཞིང་། དཀྱིལ་གྱི་རི་མོ་འདི་ནི་བོད་ཀྱི་མཆོད་རྟེན་ཡིན་པ་དང་། དེའི་འཁྲིས་ཀྱི་རི་མོ་འདི་ནི་རྒྱ་ནག་གི་མཆོད་རྟེན་ཡིན། རི་མོའི་མིང་ལ་ “དགོངས་དག” ཅེས་བཏགས་ཡོད།
ང་རང་གི་ངོས་ནས་བཤད་ན། དེ་རིང་ནི་དོན་སྙིང་ཆེན་པོ་ལྡན་པའི་དུས་ཚོད་ཅིག་ཡིན་པའི་སྐབས་འདིར་རི་མོ་དེ་དག་ནི་ཡུལ་ལྗོངས་ཙམ་གྱིས་ཚད་ཀྱི་མེད། ངོས་རང་རྒྱ་རིགས་ཤིག་ཡིན་པའི་ཆ་ནས་སྐུ་ཉིད་དང་། སྐུ་ཉིད་ཀྱི་མི་དམངས་རྣམས་ཀྱིས་ཕྱི་ལོ་ ༡༩༥༩ ནས་བཟུང་མྱངས་གནང་བའི་སྡུག་བསྔལ་ལ་དམིགས་ཏེ་སེམས་གཏིང་ནས་དགོངས་དག་ཞུ་རྒྱུ་ཡིན། ངས་བོད་རྒྱ་མི་རིགས་གཉིས་མཛའ་གྲོགས་ཆེད་དུ་རང་ཉིད་ཀྱི་ཆུང་ངུའི་ནུས་པ་འདོན་རྒྱུ་ཡིན། ཞེས་སྙན་སྒྲོན་ཞུས་ཡོད།།