༢༠༡༥ ཟླ་ ༧ ཚེས་ ༡ རེས་གཟའ་ལྷག་པ།
༄༅། །བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་རང་རེའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དགོངས་གཞིར་བཟུང་། ན་གཞོན་སྐྱ་བོ་ཚོས་ནང་དོན་རིག་པའི་གཞུང་ཆེན་ཁག་ལ་སློབ་གཉེར་ཐུབ་པའི་གོ་སྐབས་སྐྲུན་ཐབས་སུ། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་གཉིས་ནས་དེང་དུས་མཐོ་སློབ་ཐོན་པའི་སློབ་ཕྲུག་རྣམས་ལ་དམིགས་པའི་ཕྱི་ལོ་༢༠༡༥ ཟླ་ ༧ ཚེས་ ༡ ནས་ཟླ་ ༡༢ ཚེས་ ༣༡ བར་དུ་ཚུགས་རྒྱུའི་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟླ་དྲུག་ཟབ་ཁྲིད་ཐེངས་གཉིས་པ་དེ་ད་རིང་ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་གངས་ཅན་རིག་གནས་སློབ་གྲྭར་འགོ་འཛུགས་གནང་ཡོད། ཟབ་ཁྲིད་ཐེངས་དང་པོ་དེ་ཕྱི་ལོ་ ༢༠༡༤ ཟླ་ ༧ ནས་ ༡༢ བར་ལེགས་པར་བསྐོང་ཚོགས་ཐུབ་ཡོད། དེ་སྔའི་སློབ་དེབ་ལ་བསྐྱར་ཞིབ་དང་སྦྲགས་སུམ་རྟགས་སོགས་བརྡ་སྤྲོད་རིག་གནས་དང་། རིགས་ལམ་སོགས་སྔོན་འགྲོ་དང་། ཕར་ཕྱིན་སོགས་གཞུང་ཆེན་ཁག་གི་སྙིང་དོན་ལྡན་པའི་རྩ་བའི་སློབ་དེབ་གསུམ།
དེ་བཞིན་མངོན་རྟོགས་རྒྱན་གྱི་སྐབས་དང་པོ་དང་། དབུ་མ་རྩ་བ་ཤེས་རབ་ཀྱི་ལེའུ་བཅོ་བརྒྱད་སོགས་གསུམ། རྟེན་འབྲེལ་བསྟོད་པ། སྤྱོད་འཇུག་ལེའུ་དང་པོ། ལམ་གཙོ་རྣམ་གསུམ་བཅས་ལ་བག་ཆགས་གོམས་འདྲིས་ཐེབས་ཕྱིར་སྔ་དགོང་འདོན་རྒྱུའི་ཞལ་འདོན་ཕྱག་དཔེ་གཅིག་བཅས། ཁྱོན་དཔེ་དེབ་བཞི་ཟབ་ཁྲིད་འདི་ཉིད་དོན་དུ་ཆེད་བསྒྲིགས་ཀྱིས་གངས་ཅན་རིག་གནས་སློབ་གྲྭས་དཔར་བསྐྲུན་གནང་བ་མ་ཟད། ཆོས་རིག་ལས་ཁུངས་ནས་སློབ་གཉེར་བ་རྣམས་ལ་ལམ་གྲོན་དང་ལྟོ་དོད་བཅས་པ་ནར་གཏོང་གནང་གི་ཡོད། ད་རིང་ཕྱི་ཚེས་ ༡ ཞོགས་པ་ཆུ་ཚོད་ ༩་༠༠ ཐོག་སློབ་གྲྭའི་ཚོགས་ཁང་དུ་རྒྱུད་སྨད་མཁན་རིན་པོ་ཆེ་བློ་བཟང་ཕན་བདེ་མཆོག་དང་། ཧུན་སུར་རབ་རྒྱས་གླིང་གི་ས་གནས་འགོ་འཛིན་དགེ་ལེགས་འབྱུང་གནས་མཆོག མཉམ་སྦྲེལ་ཚོགས་གཙོ་ཚེ་དབང་བསྟན་འཛིན་ལགས་གསུམ་སྐུ་མགྲོན་དུ་གདན་འབོད་ཀྱིས་མཛད་སྒོ་སྟབས་བདེ་ཞིག་ཀྱང་ཚོགས་ཡོད། མཛད་སྒོར་ཐོག་མར་མཛད་བཅར་བ་ཡོངས་ནས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་རྗེས། གངས་ཅན་རིག་གནས་སློབ་གྲྭའི་དགེ་ཆེ་སྔགས་རམས་པ་ངག་དབང་ཡོན་ཏན་ལགས་ནས་ཕེབས་བསུ་དང་། ཆོས་རིག་ཟུང་དྲུང་ཐུབ་བསྟན་ཚེ་རིང་ལགས་ནས་ལས་རིམ་གྱི་དམིགས་ཡུལ་སོགས་ངོ་སྤྲོད། གངས་ཅན་རིག་གནས་སློབ་གྲྭའི་སློབ་སྤྱི་སྔགས་རམས་པ་དགེ་སྦྱོང་ཚེ་རིང་བཀྲིས་ལགས་ནས་སློབ་གྲྭ་གསར་འཛུགས་གནང་བའི་དམིགས་ཡུལ་སོགས་གསུང་བཤད་དང་། སྐུ་མགྲོན་གཙོ་བོ་མཁན་རིན་པོ་ཆེ་མཆོག་དང་ས་གནས་འགོ་འཛིན་རྣམ་གཉིས་ནས་བླང་དོར་བཀའ་སློབ་གནང་བ་སོགས་བྱུང་ཡོད། ད་ལྟའི་ཆར་ལ་དྭགས་དང་མེའོ་སོགས་ས་གནས་ཁག་མི་འདྲ་བ་ནས་སློབ་ཕྲུག་བཅུ་གཉིས་ཕེབས་ཡོད་འདུག་ཀྱང་། འདུན་པ་ཡོད་པའི་འཛིན་རིམ་བཅུ་གཉིས་དང་མཐོ་སློབ་ཐོན་པའི་སློབ་ཕྲུག་གཞན་རྣམས་ཀྱང་ཟླ་བ་འདིའི་ཚེས་མཇུག་བར་དུ་འཛུལ་ཞུགས་ཆོག་པའི་གོ་སྐབས་ཡོད་པ་བཅས། གོ་སྒྲིག་པ་ཐུན་མོང་ནས་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡ ལ།།