༢༠༡༥ ཟླ་ ༧ ཚེས་ ༡༤ རེས་གཟའ་མིག་དམར།
༄༅། །འདི་ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་གྱ་སྟོན་དང་སྟབས་བསྟུན་མགོན་པོ་གང་ཉིད་མཆོག་གི་འདི་ལོའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་ཆེད། ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བོན་ Melbourne དང་ཀེན་བྷེ་ར། Canberra བྷི་རི་སི་བྷེན། Brisbane ཏ་སི་མ་ནི་ཡ། Tasmania ནིའུ་ཀ་སེལ་ New Castle བཅས་འདྲ་མིན་ནང་དུས་སྟོན་གྱི་མཛད་སྒོ་འདྲ་མིན་གོ་སྒྲིག་གནང་བ་བརྒྱུད་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུས་ཡོད། དེ་ཡང་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༤ ཉིན་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་ཁང་གིས་གྲོང་ཁྱེར་སི་ཌི་ནིའི་ཚོགས་ཁང་ཆེན་མོའི་ནང་Sydney Town Hall དུ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་དང་༸སྐུའི་གྱ་སྟོན་གྱི་མཛད་སྒོ་གཟབ་རྒྱས་ངང་སྲུང་བརྩི་ཞུས་འདུག
སྐབས་དེར་སྐུ་མགྲོན་མི་གྲངས་ ༤༠༠ ཙམ་ལ་དགོངས་ཚིགས་གསོལ་སྟོན་དང་། མཛད་སྒོའི་ཐོག་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་མཛད་འཕྲིན་ཁག་ངོ་སྤྲོད་དང་སྦྲགས། མགོན་པོ་གང་ཉིད་མཆོག་ནི་བོད་མི་ཙམ་མ་ཟད། འཛམ་གླིང་སྐྱེ་འགྲོ་ཀུན་ལ་ཧ་ཅང་བཀའ་དྲིན་ཆེ་བར་བརྟེན་དུས་དྲན་ཉིན་གོ་སྐབས་བཟུང་ནས་བཀའ་དྲིན་རྗེས་དྲན་ཞུ་དགོས་པའི་སྐོར་དང་།
ལྷག་པར་སྐུ་ཚབ་དོན་གཅོད་ཀྱིས་ཨོ་སི་ཊོ་ལི་ཡའི་གཞུང་མང་གཉིས་ཀྱིས་ད་བར་བོད་མི་དང་བོད་དོན་ཆེད་ལྷག་བསམ་ཟོལ་མེད་ཀྱིས་རྒྱབ་སྐྱོར་གནང་དང་གནང་མུས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཡུལ་དེར་བོད་མི་རྣམས་གཞིས་ཆགས་ཚགས་ཚུད་ཡོང་སླད་གཞུང་གིས་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་བ་དང་མཛད་སྒོར་ལྷན་བཞུགས་གནང་ནས་༸གོང་ས་མཆོག་ལ་ཆེ་བསྟོད་ཞུས་པའི་རྣམ་འགྱུར་དེ་དག་ནི་བོད་མི་ཚོས་དགའ་གུས་ཡི་རང་ཞུ་བཞིན་ཡོད་སྐོར་གསུངས།
གཞན་ཡང་མཛད་སྒོའི་སྐབས་བོད་དང་། འབྲུག ཝི་ཏི་ནམ། རྒྱ་རིགས་བཅས་ཀྱི་རིག་གཞུང་དང་འབྲེལ་བའི་གཞས་སྣ་འཁྲབ་སྟོན་ཞུས། ཕྱོགས་མཚུངས་སྐབས་དེར་སྐུ་ཞབས་ཇོན་ Mr. John Dowd AO QC ལགས་ཀྱིས་བོད་ཀྱི་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་གི་གཅེས་ནོར་ཡིན་སྐོར་སོགས་གསུངས། གཞན་ཡང་གསུང་བཤད་གནང་མཁན་ཁོངས་ཡུལ་དེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་མེ་ཁལ་ཌན་བྷེ་ Michael Danby མཆོག་དང་། གྲོས་ཚོགས་འཐུས་མི་ཀེན་ཝ་ཌི་ Mr Ken Wyatt མཆོག་སོགས་ཡོད་འདུག གསུང་བཤད་གྲུབ་མཚམས་༸གོང་ས་མཆོག་དང་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གི་བཀའ་སློབ་བརྙན་འཕྲིན་ཐོག་ནས་གཟིགས་འབུལ་ཞུས། མཛད་སྒོའི་མཐའ་མར་བོད་ཀྱི་རིག་གཞུང་ལྟར་སྒོར་གཞས་འཁྲབ་སྟོན་གནང་འདུག དེང་སྐབས་ཡུལ་དེར་བོད་མི་ཁྱོན་མི་གྲངས་ ༡༦༠༠ ཙམ་གནས་སྡོད་བྱེད་བཞིན་ཡོད་འདུག