༢༠༡༥ ཟླ་ ༧ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། གཤམ་གསལ་རྣམས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་འཛིན་བཟུང་བྱེད་ཉེའི་སྐབས་གསུངས་པ་ཞིག་ཁོང་གི་ཞལ་སློབ་ནས་སྒྲ་འཛིན་འཁོར་ཐག་ནང་བཅུག་སྟེ། ཕྱི་ལོ་ ༢༠༠༦ ལོར་སློབ་མ་ཁོང་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་རྗེས་སྒྲ་འཛིན་འཁོར་ཐག་ནས་ཕབ་བཤུས་གནང་བ་ཞིག་ཡིན་འདུག ད་རེས་རིན་པོ་ཆེ་མཆོག་གི་རྗེས་དྲན་སླད་འདོན་སྤེལ་ཞུས་ཡོད།
ད་རེས་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་གྱུར་པའི་བོད་རིགས་སྤུན་ཟླ་རྣམས་དང་། འཛམ་གླིང་སྟེང་གི་དྲང་བདེན་དང་ཞི་བདེ་ལ་དགའ་བའི་གྲོགས་པོ་ཚང་མ་ལ་ཚིག་གཅིག་གཉིས་ཤིག་ཞུས་ན། ད་ལྟ་ང་ལོ་ ༥༣ ལ་བསླེབས་པའི་ནང་པའི་དགེ་སློང་ཐེབས་ཆག་ཅིག་གི་མིང་ཡོད་པ་ཞིག་ཡིན་པ་དང་། ཡོན་ཏན་གྱི་ཐད་ནས་གང་ཡང་ཡོད་མ་རེད། ང་རང་ཕྱི་ལོ་ ༡༩༥༠ ལོར་སྐྱེས་པའི་ལོ་ཆུང་ཆུང་དུས་ནས་ད་བར་གཞན་དབང་འོག་མི་ཚེ་སྡུག་ཟད་དུ་སོང་ཟིན་པ་རེད། ཡིན་ནའང་བར་སྐབས་ཤིག་ལ་སྲིད་ཇུས་གུ་ཡངས་ཟེར་བ་བྱུང་། ཆོས་དད་རང་མོས་ཟེར་བ་བྱས་ནས་གོ་སྐབས་ཏོག་ཙམ་ཞིག་བྱུང་བས། རྒྱ་གར་འཕགས་པའི་ཡུལ་དུ་སོང་ནས་འཛམ་གླིང་ཞི་བདེའི་དེད་དཔོན་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་ཐམས་ཅད་མཁྱེན་པས་གཙོས་རིས་མེད་ཀྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་དྲུང་ནས་ཆོས་ལ་ཐོས་པ་ཕྲན་བུ་བྱས་མྱོང་ལ། གྲྭ་ཚང་རིན་པོ་ཆེའི་ནང་ནས་ཀྱང་ཆེད་གཉེར་ཏོག་ཙམ་རེ་བྱས་མྱོང་། དེའི་མཐུ་ལ་བརྟེན་ནས་སོ་སོའི་ངོས་ནས་ཨ་ཙི་ནང་པ་སངས་རྒྱས་པའི་ཆོས་ཚུལ་འདི་བསྟན་པ་གཞན་དང་མི་འདྲ་བ་ཞིག་རེད། འདི་ལ་ཐོས་བསམ་སློབ་གཉེར་ཏོག་ཙམ་རེ་བྱས། བག་ཆགས་རེ་འཇོག་ཐུབ་ན་ཡག་པོ་རེད་སྙམ་པ་ཞིག་ཁོང་རྣམ་པའི་སྐུ་དྲིན་ལས་བྱུང་།
ཕྱི་ལོ་ ༡༩༨༧ ལོར་ཕྱིར་ཕ་ཡུལ་དུ་ཡོང་བ་ཡིན། དེ་ནས་བཟུང་དུས་ད་ལྟ་བར་དུ་གཅིག་འགྲིག་མ་སོང། གཉིས་འགྲིག་མ་སོང་ཟེར་ནས་ངའི་ཐོག་ལ་མ་ཉེས་ཁག་གཡོགས་དང་མི་ཁ་ལ་སོགས་པ་མང་པོ་ཞིག་བྱུང་བསྡད་སོང་། ད་རེས་ལྷག་པར་དུ་རྒྱ་ཡུལ་ཁྲིན་ཏུའི་མི་མང་ཐང་ཆེན་དུ་རྫས་སྦོམ་བཞག་ནས་གཅིག་བཟོས་འདུག གང་ལྟར་ཡར་བཤད་མར་བཤད་བྱས་པའི་རྗེས། ད་ལྟ་རང་ངའི་སར་ལི་ཐང་ནས་མར་ཨ་སྦིས་ཟེར་བ་འདིའི་ཁ་པར་ཞིག་འབྱོར་བྱུང། རྫས་སྦོམ་འཇོག་མཁན་བློ་བཟང་དོན་གྲུབ་ཟེར་བ་རེད་ཟེར། ཁོ་ཁྱེད་རང་གི་ཉེ་འབྲེལ་ཡིན་མིན་རྩད་གཅོད་བྱེད་བཞིན་འདུག་ཟེར། ད་གང་བཤད་ཀྱང་ང་རྒྱ་གར་ནས་ཡོང་སྟེ་ད་ལོ་བརྩིས་པའི་ལོ་བཅུ་བདུན་ཕྱིན་སོང། དེའི་རིང་ང་ལ་དོགས་པ་ཟོས་ཟོས་ཅིག་ཟོས། བརྟག་དཔྱད་བྱས་བྱས་ཅིག་བྱས་ཀྱང་ང་ལ་སྐྱོན་ཁབ་རྩེ་ཙམ་ཡང་ཡོད་མ་མྱོང་། མཐའ་མ་དེ་འུ་ཐུག་དུས་སློབ་གྲྭ་བཙུགས་ནས་རིག་གནས་ཏོག་ཙམ་རེ་བསླབས་པ་དེ་ཡང་སྐྱོན་རེད་ཟེར། མི་རིགས་ཤིག་ལ་རིག་གནས་ཏོག་ཙམ་ཞིག་མེད་ན་དུས་ནམ་ཡང་རྗེས་ལུས་མ་གཏོགས་ཡོང་རྒྱུ་ཡོད་པ་མ་རེད། དེའི་ཐད་བསམ་པ་དཀར་པོའི་སྒོ་ནས་ང་ཚོས་བོད་ཡིག་ཀ་ཁ་སུམ་ཅུ་ཤེས་ན་བསམས་ཏེ་སློབ་གཉེར་ཏོག་ཙམ་རེ་བྱེད་དུས་དེ་ཡང་སྐྱོན་རེད་ཟེར།
དེ་བཞིན་ཁོར་ཡུག་ཉམས་ཉེས་སོང་ན་ཧ་ཅང་སྡུག་པོ་རེད། ཁོར་ཡུག་ཉམས་ཉེས་སོང་ན་ལུང་པ་དེ་དང། མི་རིགས་དེ། རྒྱལ་ཁབ་དེ་མ་ཡིན་པར་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་དང་། ན་ཚ་སོགས་གང་ཅིའི་ཐད་ཉེན་ཁ་ཆགས་ཀྱི་ཡོད་རེད། དེར་བརྟེན་ཤིང་ནགས་ཏོག་ཙམ་རེ་ཡང་བཅད་མ་ཤོར་ན་བསམས་པ་དེ་ཡང་སྐྱོན་རེད་ཟེར། མདོར་ན་ད་བར་དུ་ང་ལ་མ་ཉེས་ཁག་གཡོགས་ཁོ་ན་བྱས་ནས། ད་རེས་དེ་ཡང་བློ་བཟང་དོན་གྲུབ་ངའི་ཉེ་འབྲེལ་རེད་ཟེར་ནས་ང་ལ་ཁ་པར་འདྲ་བཏང། དེ་འདྲ་བྱས་ནས་གང་ལྟར་མགྱོགས་པོ་བཙོན་ཁང་ནང་འཁྲིད་རྩིས་ཡིན་པ་འདྲ། ཡིན་ནའང་དེ་སོ་སོའི་སྐྱེས་བ་སྔོན་བསགས་ཀྱི་ལས་རེད། དེ་འདྲ་ཞིག་གི་ནང་འགྲོ་རྒྱུའི་ལས་བསགས་ཡོད་ན། སྔོན་དགེ་སློང་ཞིག་གིས་ཆོས་གོས་ཚོས་ལ་བཙོ་སྐབས། ཁྱེད་རང་གི་ག་རེ་བཙོ་ཡི་ཡོད་ཅེས་དྲིས་ཚེ། ངས་ཆོས་གོས་བཙོ་ཡི་ཡོད་ཅེས་སྣོད་ཀྱི་ཁ་ཕྱེས་ནས་བལྟ་སྐབས་བེའུ་ཡི་ཤ་རུ་གྱུར་ཡོད་པ་རེད། དེ་ཅི་རེད་ཟེར་དུས་སྔོན་བེའུ་ཞིག་བརྐུས་པའི་རྣམ་སྨིན་ཡིན་པ་བཞིན་སྔོན་བསགས་ཀྱི་རྣམ་སྨིན་ཡིན་ན་མ་གཏོགས། ལུས་བརྟེན་འདི་ལ་ཆུང་དུས་མི་ཤེས་པའི་བྱ་བ་བྱས་ཡོད་མེད་མི་ཤེས། རྒྱ་གར་འཕགས་པའི་ཡུལ་ལ་སོང་ནས་ཐམས་ཅད་མཁྱེན་པ་འཛམ་གླིང་ཞི་བདེའི་དེད་དཔོན་གྱི་དྲུང་ནས་དགེ་སློང་གི་སྡོམ་པ་ཞུས་ནས་བཟུང་སྟེ་འབུ་གྲོག་མ་ཡན་ཆད་ལ་འཚེ་བ་སྤོང་དགོས་པ་རེད་ཅེས་སོ་སོས་ཨ་ཅང་ཅང་།
གཞན་ལ་ཡིན་ནའང་གཅིག་དང་བཅུ། བརྒྱ་དང་སྟོང་། ཁྲི་དང་འབུམ་ཅི་ཡིན་རུང་ཀུན་སློང་བྱས་ཏེ། སེམས་ཅན་ལ་འཚེ་བ་སྤང་དགོས་པ་རེད། སེམས་ཅན་ལ་འཚེ་བ་བྱས་ན་སྟོན་པ་བཀའ་དྲིན་ཅན་གྱི་ཞབས་འདྲེན་གྱི་རེད། སྙིགས་མའི་མགོན་པོ་༸རྒྱལ་དབང་ཐམས་ཅད་མཁྱེན་པའི་སྐུའི་ཞབས་ལ་ཐག་པ་བཏགས་ན་འགྲིག་གི་མ་རེད། ༸རྒྱལ་བ་རིན་པོ་ཆེ་ནི་ད་ལྟའི་དུས་འདིར་འཛམ་གླིང་སྤྱིའི་སྟེང་ན་ཞི་བདེའི་དེད་དཔོན་ཆགས་བསྡད་ཡོད་པ་རེད། ང་རང་ཚོ་ཁོང་གི་རྗེས་འཇུག་ཏུ་འགྲོ་དགོས་པ་ལས། གཞན་ཁ་ཁ་ཞིག་བྱེད་རྒྱུ་ཡོད་པ་མ་རེད། དངོས་གནས་གཅིག་བྱེད་ཐུབ་ཀྱི་ཡོད་ན་ངོ་དང་ངོ་ཐུག་ནས་བཤད་དགོས་པ་རེད་མ་གཏོགས། ལྐོག་ནས་ཡི་གེ་སྦྱར་ན་འགྲིག་གི་མ་རེད། འདྲ་མི་འདྲ་ལྐོག་ལབ་བརྒྱབ་ན་འགྲིག་གི་མ་རེད་ཅེས་དེ་སྔ་བཤད་བསྡད་པ་ཡིན་ལ། ཚོགས་ཆེན་ཚོགས་ཆུང་གང་གི་ཐོག་ནས་ཀྱང་འདི་ཕྱི་དཔང་དུ་བཙུགས་ནས་བཤད་པ་ཡིན། ད་རེས་ངའི་ཐོག་ལ་མ་ཉེས་ཁག་གཡོགས་ཡོང་རྒྱུ་འདི་ཡང་གང་བཤད་ན་མ་བཤད་ནའང་འདི་བོད་མི་ཞིག་རེད། བོད་མིར་ཞེན་ཁོག་ཡོད་མཁན་ཞིག་རེད། བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་དང་བཅས་པ་རྩ་མེད་གཏོང་དགོས་ཀྱི་འདུག མི་འདི་ཚོར་དེ་སྲུང་སྐྱོབ་ཐུབ་པའི་རིག་གནས་དང་འཇོན་ཐང་མེད་ན་ཡང་། འདི་ལ་བོད་ཀྱི་ཤ་དང་རུས་པ་ཏོག་ཙམ་འདུག བོད་ལ་ཤ་ཞེན་ཏོག་ཙམ་འདུག་བསམས་ནས་ད་རེས་ངའི་རིན་ཆེན་སྲོག་དང་འབྲལ་ཐབས་ཀྱི་ལས་འགུལ་ཞིག་སྤེལ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་ས་རེད་དེ། ང་སྐྱེ་བའི་ཚེ་རབས་ཐམས་ཅད་དུ་སྲོག་མང་པོ་འཕོས་ཚར་བ་རེད། ད་རེས་ང་ཧ་ལས་རྒྱུ་གང་ཡང་མེད། ཕྱིན་ཆད་ཐར་བའི་བཙན་ས་ཤིག་མ་ཟིན་ན་ང་དེ་ལས་སྡུག་རྒྱུ་རེད། ཡིན་ན་ཡང་ད་རེས་ངེའི་གཅེས་པའི་ལུས་སྲོག་འདི་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དང་། ལྷག་པར་འཛམ་གླིང་འདིར་གནས་སྐབས་ཞི་བདེ་ཡོང་བ། མཐར་ཐུག་མཁའ་ཁྱབ་ཀྱི་མ་རྒན་སེམས་ཅན་ཐམས་ཅད་སྟོན་པ་བཀའ་དྲིན་ཅན་དང་། སྙིགས་མའི་མགོན་པོ་༸རྒྱལ་བ་ཐམས་ཅད་མཁྱེན་པ། རིས་མེད་ཀྱི་སྐྱེས་ཆེན་དམ་པ་ཐམས་ཅད་ཀྱིས་ཐུགས་སྨོན་གནང་བ་བཞིན། མཁའ་ཁྱབ་ཀྱི་མ་རྒན་སེམས་ཅན་ཐམས་ཅད་བླ་མེད་རྫོགས་བྱང་འཐོབ་པའི་ཆེད་དུ་ད་རེས་ངས་ལུས་སྲོག་འདི་རྩ་བའི་བླ་མ་གཙོས་པའི་རྒྱལ་བ་སྲས་བཅས་ཐམས་ཅད་ལ་འབུལ་གྱི་ཡིན། ངས་ཚིག་ཁ་ཤས་བཤད་ན་དེ་འདྲ་ཡིན།
ངས་དུས་རྒྱུན་བཤད་ཀྱི་ཡོད། ང་ཚོ་བོད་མི་ཞིག་གིས་གདོང་གཤིས་ལོག་ནས་གཞན་ལ་ཁུ་ཚུར་ནན་པོ་ཞིག་གཞུས་ན་ཡང་འགྲིག་གི་ཡོད་མ་རེད། དེ་འདྲ་བྱས་ན་མགོན་པོ་སྤྱན་རས་གཟིགས་ཀྱི་སྐུ་ཞབས་ལ་ཐག་པ་བཏགས་པ་རེད། དེ་འདྲ་རྩ་བ་ཉིད་ནས་འགྲིག་གི་མ་རེད་ཟེར་གྱི་ཡོད། གོང་དུ་ཞུས་པ་བཞིན་ང་རྒྱ་གར་ནས་ཚུར་ཡོང་སྟེ་ལོ་ ༡༧ རིང་ཡི་གེ་ཚིག་བཞི་ཟེར་བ་ཞིག་ལྐོག་ནས་སྦྱར་རྒྱུ་དང་། ངོས་ནས་བཤད་རྒྱུ། ང་རང་འཇིག་རྟེན་འདིའི་ཐོག་གསོན་པོར་གནས་པའི་རིང་མི་གཞན་ཞིག་ལ་ལྐོག་ནས་རྡོ་རྡེའུ་ཙམ་ཡང་གཞུ་བའི་གནོད་སྐྱེལ་རྒྱུ་ཕར་ཟད། སེམས་ལ་དྲན་མྱོང་ཡང་མེད། ད་རེ་ངའི་ཐོག་ལ་མ་ཉེས་ཁ་གཡོགས་ཡོང་བ་དེ་ངས་གོང་དུ་ཞུ་པ་བཞིན་ང་ལ་བོད་མིའི་ཤ་ཁྲག་གཅིག་དང་བོད་མིར་ཞེན་ཁོག་གཅིག་འདུག་ཅེས་དེ་ལ་ཐུག་ཡོད་པ་ནི། ད་ལྟ་བར་དུ་བོད་བསྟན་པ་ཆབ་སྲིད་ཉམས་ཉེས་ག་འདྲ་སོང་ཡོད་མེད་འཛམ་གླིང་གི་བློ་གཟུ་བོར་གནས་པ་ཐམས་ཅད་ཀྱིས་གསལ་ཐིང་ངེར་མཁྱེན་བསྡད་རྒྱུ་དེ་རེད། ང་ལ་ཡང་དེ་ནང་བཞིན་ཞིག་ཡོང་གི་ཡོད་ས་རེད། འོན་ཏེ་སྔོན་ལས་ཡིན་པ་འདྲ། ངས་གོང་དུ་ཞུས་པ་བཞིན་ངའི་ལུས་སྲོག་འདི་ཁོ་རང་ཚོས་ག་རེ་བྱེད་ན་ཡང་། ངས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དང་། འཛམ་གླིང་ཧྲིལ་པོ་འདིས་མཚོན་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཀྱི་གནས་སྐབས་བར་ཆད་སེལ་བ་དང་། མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་དུ་ལུས་སྲོག་འབུལ་རྒྱུ་ཡིན། ཅེས་གཞུག་ལ་ངས་ཚིག་གཅིག་གཉིས་ཤིག་ཞུས་ན་འདི་འདྲ་ཡིན།
ཤཱཀྱའི་དབང་པོ་འདྲེན་པ་འོད་དཔག་མེད། ། མི་ཕམ་འཇམ་དབྱངས་གསང་བདག་སྤྱན་རས་གཟིགས།།
བདེ་གཤེགས་འཁོར་བཅས་རྟེན་འབྲེལ་མི་སླུ་བས། །བདེན་པའི་སྨོན་ལམ་འདི་དག་མྱུར་འགྲུབ་ཤོག །
དེས་ན་རྗེ་རྩུན་བླ་མ་ཐུགས་རྗེ་ཅན། །མ་གྱུར་འགྲོ་བའི་སྡིག་སྒྲིབ་སྡུག་བསྔལ་ཀུན།།
མ་ལུས་ད་ལྟ་བདག་ལ་སྨིན་པ་དང་། །བདག་གི་འདི་དགེ་གཞན་ལ་བཏང་བ་ཡིས།།
འགྲོ་ཀུན་བདེ་དང་ལྡན་པར་བྱིན་གྱིས་རློབས། །
རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང་། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་།།
བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས། །སྨོན་པའི་དོན་ཀུན་བདེ་བླག་མྱུར་འགྲུབ་ཤོག །།
འཕགས་མཆོག་ཕྱག་ན་པདྨོ་༸རྒྱལ་དབང་ཐམས་ཅད་མཁྱེན་པའི་ཐུགས་ཀྱི་བཞེད་དོན་མཐའ་དག་དེ་དེ་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག དཀོན་མཆོག་གསུམ་གྱི་བདེན་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་པ་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱི་མི་ཁྱབ་པའི་སྟོབས་ཀྱིས་འཕགས་མཆོག་ཕྱག་ན་པདྨོ་༸རྒྱལ་དབང་ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོའི་ཐུགས་ཀྱི་བཞེད་དོན་དེ་དེ་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་པ་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་བདག་གི་དྲིན་ཅན་རྩ་བའི་བླ་མ་འཕགས་མཆོག་ཕྱག་ན་པདྨོ་རྒྱལ་དབང་ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོའི་ཐུགས་ཀྱི་བཞེད་དོན་དེ་དེ་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག དཀོན་མཆོག་གསུམ་གྱི་བདེན་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་པ་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་བདག་གི་དྲིན་ཅན་རྩ་བའི་བླ་མ་འཕགས་མཆོག་ཕྱག་ན་པདྨོ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོའི་ཐུགས་ཀྱི་བཞེད་དོན་དེ་དེ་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག
འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་།། ཀུན་ཏུ་བཟང་པོས་དེ་ཡང་དེ་འདྲ་བ།།
དེ་དག་ཀུན་གྱི་རྗེས་སུ་བདག་བསླབ་ཕྱིར། ། དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།།
དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། ། བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེ།།
བདག་གཞན་དགེ་བའི་རྩ་བ་འདི་ཀུན་ཀྱང་། ། བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི།།
(རིན་པོ་ཆེ་མཆོག་གིས་ཐོག་མཐའ་བར་གསུམ་དུ་རྒྱ་གཞུང་གིས་ཉེས་མིང་ཁས་ལེན་གནང་མེད། )