༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༦ ཉིན་བོད་ནང་གི་སྔ་དྲོ་ཆུ་ཚོད་བདུན་པར་རྒྱ་ནག་གཞུང་གིས་རིན་པོ་ཆེའི་སྐུ་ཕུང་ཞུགས་འབུལ་ཟིན་པ་དང་། སྐབས་དེར་རིན་པོ་ཆེའི་ཞལ་སློབ་གྲྭ་བཙུན་དང་། རིན་པོ་ཆེའི་སྤུན་མཆེད་སོགས་མི་གྲངས་ ༣༢ མ་གཏོགས་སྐུ་ཕུང་ཞུགས་འབུལ་ལ་མཉམ་ཞུགས་བྱེད་བཅུག་མི་འདུག
སྐུ་ཕུང་ཞུགས་འབུལ་ལ་བཅར་མཁན་གྱིས་འགྲེལ་བརྗོད་གནང་བར་གཞིགས་ན། རིན་པོ་ཆེའི་ཕྱག་སེན་དང་། ཞལ་ནག་པོ་ཆགས་ཡོད་པ་དོ་སྣང་བྱུང་བར་བརྟེན། ཁོང་ཚོས་རྒྱ་གཞུང་ནས་རིན་པོ་ཆེར་དུག་སྤྲད་ནས་བཀྲོངས་པ་ཞིག་རང་བཞིན་གྱིས་དོགས་པ་བྱེད་ཀྱི་ཡོད་འདུག ཞུགས་འབུལ་སྐབས་སུ་རྒྱ་ནག་གཞུང་ནས་ཡིག་ཐོག་ལ་གནས་ཚུལ་སྒྲོགས་སྦྱང་བྱས་པའི་ནང་། རིན་པོ་ཆེ་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༢ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༤ པར་དགོངས་པ་རྫོགས་ལུགས་འཁོད་ཡོད་ཀྱང་། དེ་སྔོན་རྒྱ་གཞུང་གི་ལས་བྱེད་པ་ཚོས་རིན་པོ་ཆེ་ཉིན་རྒྱབ་ཆུ་ཚོད་ ༢ པར་སྐུ་གཤེགས་ལུགས་བཤད་ཡོད་པར་བརྟེན། དེ་གཉིས་བར་ལ་ཅུང་མི་མཐུན་པ་བྱུང་ཡོད་འདུག ད་ལྟའི་ཆར་རིན་པོ་ཆེའི་སྐུ་ཕུང་ཞུགས་འབུལ་བྱེད་སར་པུར་ཐལ་བསྡུ་རུབ་བྱེད་མཁན་མི་གཅིག་ལས། གཞན་རྣམས་རང་སར་ཕྱིར་ལོག་བཏང་ཡོད་པའི་གནས་ཚུལ་ཐོན་འདུག
བོད་ནང་ཡོད་པའི་རིན་པོ་ཆེ་མཆོག་གི་སྐུ་མཆེད་དང་། ཞལ་སློབ་ཚོས་རིན་པོ་ཆེའི་སྐུ་ཕུང་རྩིས་སྤྲོད་དགོས་པ་དང་། འདས་རྐྱེན་འགྲེལ་བརྗོད་གསལ་པོ་དགོས་པའི་སྐོར་ལ་དོན་ཚན་ལྔ་ཅན་གྱི་རྒྱ་ཡིག་ ཐོག་ཞུ་སྙན་ཞིག་རྒྱ་ནག་གཞུང་ངམ་བཙོན་ཁང་གི་འབྲེལ་ཡོད་ལས་བྱེད་ལ་ཕུལ་འདུག །