༢༠༡༥ ཟླ་ ༧ ཚེས་ ༡༥༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ ༢༠༠༢ ཟླ་ ༤ ཚེས་ ༣ ཉིན་སི་ཁྲོན་ཞིང་ཆེན་གྱི་ལྟེ་གནས་གྲོང་འཁྱེར་ཁྲེང་ཏུའི་ཐན་ཕུ་ཐང་ཆེན་དུ་འབར་རྫས་གས་འཐོར་བྱུང་བའི་གནས་ཚུལ་དེ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང་ཁོང་གི་སློབ་མ་བློ་བཟང་དོན་འགྲུབ་གཉིས་ལ་རྒྱ་གཞུང་གིས་བསྙོན་འཛུགས་ཀྱིས་ཟླ་ ༤ ཚེས་༧ ཉིན་འཇུ་བཟུང་བཙོན་འཇུག་བྱས་ཡོད། ལོ་དེའི་ཟླ་ ༡༢ ཚེས་ ༢ ཉིན་དར་རྩེ་མདོ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། རིན་པོ་ཆེ་ལ། གོང་བརྗོད་འབར་རྫས་གས་འཐོར་དང་མེས་རྒྱལ་ཁ་བྲལ་གཏོང་རྒྱུའི་ངན་སྐུལ་བྱས་པ་སོགས་ཀྱི་བསྙོན་འཛུགས་སྣ་ཚོགས་བྱས་ཏེ། ཁོང་གི་སློབ་མ་བློ་བཟང་དོན་འགྲུབ་འཕྲལ་དུ་སྲོག་ཐོག་གཏོང་རྒྱུ་དང་། རིན་པོ་ཆེ་ལ་ལོ་གཉིས་ནར་འགྱངས་ཀྱིས་སྲོག་ཁྲིམས་གཅོད་རྒྱུའི་ཁྲིམས་ཐག་བཅད། དེར་བརྟེན་རིན་པོ་ཆེའི་གཉེན་ཚན་དང་ཉེ་འབྲེལ་ཁག་གཅིག་གིས། དྲང་བདེན་མིན་པའི་ཁྲིམས་ཆད་དེ་ཁྲིམས་ཁང་གོང་མར་གཏུགས་བཤེར་བྱས་ཀྱང་གོང་གཏུགས་ཕྱིར་སློག་བྱས། ཕྱི་ལོ་ ༢༠༠༣ ཟླ་ ༡ ཚེས་ ༢༦ ཉིན་སི་ཁྲོན་ཞིང་ཆེན་མཐོ་རིམ་ཁྲིམས་ཁང་ཟེར་བས། དཀར་མཛེས་འབྲིང་རིམ་ཁྲིམས་ཁང་ཟེར་བའི་ཁྲིམས་ཆད་གཞིར་བཞག་སྟེ་བློ་བཟང་དོན་འགྲུབ་སྲོག་ཐོག་བཏང་། ཕྱི་ལོ་ ༢༠༠༥ ཟླ་ ༡ ཚེས་ ༢༤ ཉིན་རིན་པོ་ཆེའི་སྲོག་ཁྲིམས་དེ་ཚེ་བཙོན་ལ་བསྒྱུར་བ་ནས། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༢ བར་མི་ལོ་ ༡༣ རིང་རྒྱ་གཞུང་གི་བཙོན་ཁང་དུ་ཉེས་མེད་བཙོན་འཇུག་བྱས་ཡོད།
རིན་པོ་ཆེ་བཙོན་འཇུག་བྱས་ནས་བཟུང་ནང་མི་སྤུན་མཆེད་ཚོས་ཐུག་འཕྲད་ཐེངས་དྲུག་ལྷག་ཙམ་བྱས་ཡོད་པ་དང་། ཉེ་དུས་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༦ ཉིན་ཐུག་འཕྲད་འགྲོ་མཁན་རིམ་པས་ཤེས་རྟོགས་བྱུང་བ་ལྟར། རིན་པོ་ཆེ་ལ་སྙིང་གི་ན་ཚ་ཕོག་ཡོད་པ་དང་ཁོང་གློ་བུར་དུ་དྲན་མེད་བརྒྱལ་སོང་བའི་སྐོར། རིན་པོ་ཆེ་ཉིད་དང་རྒྱ་གཞུང་གིས་ལས་བྱེད་ཚོས་ཀྱང་རིན་པོ་ཆེ་ལ་ན་ཚ་ཡོད་སྐོར་བརྗོད་ཡོད། ད་དུང་ཞབས་གཉིས་ཀྱང་ཐང་ཐང་མེད་པ་ཆགས་ཡོད་འདུག་པ་དང་། དེ་ཡང་ཐུག་འཕྲད་བ་ཚོས་རིན་པོ་ཆེ་དང་ཁ་གྱེས་སྐབས། རིན་པོ་ཆེ་རྟག་ཏུ་རྐུབ་སྟེགས་ཐོག་ཕེབས་དགོས་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད། དེ་ནས་བོད་མིའི་སྒྲིག་འཛུགས་དང་རྒྱལ་སྤྱིའི་སྲིད་གཞུང་། ཚོགས་སྡེ་ཁག་སོགས་ཀྱིས། རིན་པོ་ཆེ་སྨན་བཅོས་ཀྱི་ཆེད་དུ་གློད་དཀྲོལ་ཡོང་བའི་རེ་སྐུལ་དང་ལས་འགུལ་སྣ་མང་སྤེལ་ཡང་། རྒྱ་གཞུང་གིས་མཁྲེགས་འཛིན་ཁོ་ནས་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་བཏང་མེད།
ཉེ་དུས་ ༢༠༡༥ ཟླ་ ༧ ཟླ་འགོར་ལི་ཐང་རྫོང་ས་གནས་སྲིད་ཁྲིམས་ལྷན་ཁང་གི་མི་སྣ་གསུམ་གྱིས། རིན་པོ་ཆེའི་གཅུང་མོ་བསོད་ནམས་བདེ་སྐྱིད་དང་སྒྲོལ་དཀར་ལྷ་མོ་གཉིས། རིན་པོ་ཆེ་ཐུག་འཕྲད་ལ་འགྲོ་ཆོག་ཅེས་འཁྲིད་ཡོད་རུང་། ཉིན་གྲངས་བཅུ་ལྷག་ཙམ་རིང་ཁྲིན་ཏུའི་གྲོང་ཁྱེར་དུ་ཐུག་འཕྲད་ལ་ངང་སྒུག་བྱས་ནས་ལྷག་འདུག ཟླ་འདིའི་ཚེས་ ༡༢ ཉིན་གྱི་སྔ་དྲོར་ཁྲིམས་སྲིད་ཁང་གི་མི་སྣ་ཚོས། གཅུང་མོ་གཉིས་ལ་རིན་པོ་ཆེ་དགོངས་པ་རྫོགས་ཡོད་སྐོར་བརྗོད་འདུག་ཀྱང་། དགོངས་པ་ཇི་ལྟར་རྫོགས་མིན་དང་ག་དུས་རྫོགས་མེད་སོགས། རྐྱེན་དང་གནས་ཚུལ་གང་ཡང་འགྲེལ་བརྗོད་བྱས་མི་འདུག་པས་འབྲེལ་ཡོད་ཚོས་ད་དུང་ཡང་ཤེས་རྟོགས་གསལ་པོ་ཐུབ་མེད། ཐུག་འཕྲད་ལ་འགྲོ་མཁན་ཚོས། རིན་པོ་ཆེ་བོད་མི་ཚོ་དང་འཛམ་གླིང་མི་མང་གིས་དོ་སྣང་བྱ་ཡུལ་གྱི་མི་སྣ་ཤིན་ཏུ་གལ་ཆེན་ཞིག་ཡིན་པ་དང་། རིན་ཆེན་རི་ལྟར་སྤུངས་རུང་ཁོང་ལྟ་བུ་སྐྱེས་ཆེན་དམ་པ་ཞིག་ནམ་ཡང་རྙེད་ཐབས་མེད་པས། ངེས་པར་དུ་འདི་ཡིན་འདི་མིན་གྱི་ལན་གསལ་མེད་ན་ཕྱིར་ལོག་མི་བྱེད་སེམས་ཐག་ཡིན་ཞེས། ཞུ་སྐུལ་ནན་པོ་བྱས་དང་བྱེད་བཞིན་པ་དང་། རྒྱལ་སྤྱིའི་སྲིད་གཞུང་དང་གསར་འགྱུར་བརྒྱུད་ལམ་ཁག་གིས་ཀྱང་ཧ་ཅང་དོ་སྣང་ཆེན་པོ་བྱས་དང་བྱེད་བཞིན་ཡོད།
ཟླ་འདིའི་ཚེས་ ༡༣ ཉིན་ཐུག་འཕྲད་འགྲོ་མཁན་གཅུང་མོ་གཉིས་ལ་རྒྱ་གཞུང་གི་འབྲེལ་ཡོད་མི་སྣ་ཚོས། རིན་པོ་ཆེའི་སྐུ་ཕུང་ཕྱིར་སྤྲོད་ཐབས་མེད་སྐོར་དང་། བོད་ཀྱི་བླ་མ་དང་དགེ་འདུན་པ་འགའ་སྐུ་ཕུང་མཇལ་ཞུ་ལ་ཡོང་ན་ཆོག་ཅེས་བརྗོད་འདུག
ད་ཐེངས་རིན་པོ་ཆེ་གློ་བུར་དུ་དགོངས་པ་རྫོགས་པའི་གནས་ཚུལ་དེས། ཟླ་འདིའི་ཚེས་ ༡༣ ཉིན་ལི་ཐང་ས་ཁུལ་དུ་མི་མང་པོས་ས་གནས་སྲིད་གཞུང་ལ་ཞི་རྒོལ་བྱས་པ་དང་། དཔོན་རིགས་ཚོས་མི་མང་གི་ཞུ་གཏུགས་ལ་ཡ་ལན་ཚུལ་མཐུན་མ་བྱས་པར། འཇིགས་སྐུལ་དང་མེ་མདའ་གང་བྱུང་བརྒྱབ་ཡོད་པའི་གནས་ཚུལ་ཡང་འབྱུང་བཞིན་པ། གནས་ཚུལ་མཁོ་སྤྲོད་པ་ཚོས་འགྲེལ་བརྗོད་བྱས་ཡོད། ད་ལྟའི་ཆར་ལི་ཐང་དང་ཉག་ཆུ་རྫོང་གཉིས་དབར་མི་མང་ཕར་ཚུར་འགྲོ་སྐྱོད་བཀག་འགོག་དང་། ལི་ཐང་རྫོང་ཐོག་ཏུ་དྲག་ཆས་དམག་མི་འགྲེམས་འཇོག་གིས་མི་མང་ལ་གནོན་ཤུགས་སྤྲད་པ། འགའ་རེར་ཉེས་བརྡུང་བཏང་ནས་སྨན་ཁང་དུ་བསྐྱལ་དགོས་བྱུང་བའི་གནས་ཚུལ་གཅིག་མཇུག་གཉིས་མཐུད་ཀྱིས་ཡོང་བཞིན་ཡོད་འདུག་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས། ད་ལྟའི་རྒྱ་ནག་སྲིད་གཞུང་གི་བྱེད་ཕྱོགས་འདི་ནི་རྒྱལ་སྤྱིའི་འགྲོ་བ་མིའི་བཟང་སྤྱོད་ཀྱི་གནས་ཚད་དང་ཡོངས་སུ་བརྒལ་བའི་བྱ་སྤྱོད་ཞིག་ལ་ངོས་འཛིན་དང། བློ་ཕམ་ཚད་མེད་བྱུང་ཞེས་བརྗོད་རྒྱུ་ཡིན།
རྒྱ་ནག་གཞུང་གིས་ངེས་པར་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐུ་ཕུང་མི་མང་ལ་རྩིས་སྤྲོད་བྱེད་དགོས་པ་དང་། བོད་ཀྱི་སྲོལ་རྒྱུན་ལྟར་སྐུ་གདུང་ཞུགས་འབུལ་སོགས་ཀྱིི་ལས་རིམ་ཆ་ཚང་བ་ངེས་པར་དུ་འགྲོ་དགོས་པ་ནན་བརྗོད་བྱེད་རྒྱུ་དང་། ཤུལ་ལུས་ནང་མི་ལྟོས་བཅས་དང་རྗེས་འཇུག་ཡོངས་ལ་གདུང་སེམས་མཉམ་སྐྱེད། རྒྱལ་སྤྱིའི་སྲིད་གཞུང་དང་ཚོགས་སྡེ་ཁག་གིས་རིན་པོ་ཆེའི་སྐུ་ཕུང་ཕྱིར་རག་ཐབས་དང་། མི་མང་གི་བདེ་འཇགས་ཆེད་རྒྱ་ནག་སྲིད་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ། རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང་འབྲེལ་བའི་གནད་དོན་ཡོངས་རྫོགས་ཀྱིས་འགན་འཁུར་བྱེད་དགོས་པ་བཅས་ནན་བརྗོད་བྱེད་རྒྱུ་ཡིན། ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༤ ཉིན།