༢༠༡༥ ཟླ་ ༧ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །བོད་རྒྱལ་ལོ་ ༢༡༤༢ རབ་བྱུང་བཅུ་བདུན་པའི་ཤིང་ལུག་ལོའི་བོད་ཟླ་ ༥ ཚེས་ ༢༠ དང་། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༦ ཉིན་རང་ཅག་གངས་ཅན་པ་ཡོངས་ཀྱི་མགོན་སྐྱབས་དཔུང་གཉེན་བླ་ན་མ་མཆིས་པ་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་དམ་པར་སྐུའི་མཚན་དཔེ་བཞད་ནས་ཕྱི་ལུགས་ལྟར་དགུང་གྲངས་ ༨༠ ཕེབས་པའི་སྐུའི་འཁྲུངས་སྐར་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་སྤྱི་འཐུས་རྒྱུན་ལས་ཁག་གཅིག་གིས་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་ལས་ཁུངས་ཁག་གི་དྲུང་ཆེ་རྣམ་པ། དེ་བཞིན་སྲི་ཞུ་བ་ཆེ་ཕྲ་དང་། ཆོས་སྡེ་ཁག་གི་དགེ་འདུན་པ། སེར་སྐྱ་མི་མང་སོགས་ནས་ལུས་ལ་ན་བཟའ་གཟབ་མཆོར་ལེགས་པར་སྤྲས་ཏེ་བཞུགས་སྒར་ལྷ་རྒྱལ་རིར་སྐུ་ཁམས་དང་མཐུན་པའི་སྐུ་རླུང་དར་འཛུགས་དང། དར་ཆེན་ཁག་ལ་ན་བཟའ་སྒྲོན་འབུལ་དང་ཆབས་ཅིག་ཁྲོ་བོ་ཁམས་གསུམ་དབང་འདུས། བསྟན་སྲུང་དམར་ནག་གཉིས་ཀྱི་སྤྱན་སྔར་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་བཞིས་རྒྱགས་རྔན་ལྷ་བསངས་དང་། གནས་ཆུང་གྲྭ་ཚང་གི་དགེ་འདུན་པ་བརྒྱད་ནས་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་མཐུ་བོ་ཆེ་རྣམས་ཀྱི་དབུ་འཕང་དགུང་དུ་འདེགས་ཆེད་བསངས་མཆོད་ཟབ་རྒྱས་དང་ལྷན་ཞལ་འདོན་གསུང་འདོན་སྐབས་མང་ཚོགས་རྣམས་མཉམ་ཞུགས་ཀྱིས་བསྟན་སྲུང་རྣམས་ལ་གཏང་རག་ཕུལ་ཏེ་༸གོང་ས་མཆོག་གི་ཐུགས་བཞེད་ལྷུན་འགྲུབ་དང་། བོད་རང་དབང་གི་བདེན་མཐའ་མྱུར་དུ་གསལ་བའི་འཕྲིན་བཅོལ་གསོལ་འདེབས་གནད་སྨིན་གནང་མཐར་ལྷ་རྒྱལ་རིའི་སྲུང་མ་དམར་ནག་གཉིས་ཀའི་མདུན་ཐང་དུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས་ཚང་མས་སྒྲ་དབྱངས་གཅིག་འགྱུར་ཐོག ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། ཞེས་འབྲུག་སྒྲ་གྲགས་པ་ལྟར་ལན་གསུམ་འཐེན་རྗེས་སྔ་དྲོའི་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་གྲུབ།
དངོས་གཞི་གཞུང་འབྲེལ་མཛད་སྒོ་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རའི་དབུ་གཡབ་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་དབུས་ཁྲིམས་ཞིབ་པ་གཞན་གཉིས་མཆོག དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ། སྐུ་མགྲོན་གཙོ་བོ་མངའ་ཁུལ་རྫོང་སྤྱི་པུཤ་པེན་ཌར་རཇ་པུཏ་ (Pushpendra Rajput) མཆོག ཡབ་གཞིས་སྐུ་འཁོར་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་དྲུང་ཆེ་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམ་པ། གཞན་ཡང་སྐུ་མགྲོན་རྣམས་བཞུགས་གྲལ་དུ་འཁོད་མཚམས་རྡ་སྟེང་བོད་ཁྱིམ་སློབ་གྲྭ་ནས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་བཞིན་པར་སྲིད་སྐྱོང་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་སྐབས་ཚང་མ་སྐུ་བཞེངས་ཀྱིས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་། དེ་རྗེས་སྲིད་སྐྱོང་མཆོག་གིས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས། ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་གཙོས་ཁྲིམས་ཞིབ་པ་གཞན་གཉིས། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག ཡབ་གཞིས་སྐུ་འཁོར་རྣམ་པ། བཀའ་བློན་ལས་ཟུར་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་བཅས་ནས་རིམ་བཞིན་སྐུ་པར་མཐོང་གྲོལ་རིན་པོ་ཆེར་རྟེན་འབྱུང་མཇལ་དར་སྒྲོན་འབུལ་དང་ཆབས་ཅིག་རྡ་སྟེང་བོད་ཁྱིམ་སློབ་གྲྭ་ནས་དྲུག་ཅུའི་དབྱངས་ལྡན་གྱི་མཉམ་གཞས་བཏང་རྗེས་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས།
དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་གསུམ་ལ་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ཞབས་ལོ་ ༢༥ ཧྲིལ་པོ་འཁོར་བའི་ལེགས་སྐྱེས་གནང་རྒྱུར་འདེམས་ལྷན་དྲུང་གཞོན་ཡེ་ཤེས་ཆོས་སྒྲོན་ལགས་ཀྱིས་ཁོང་རྣམ་པའི་ལོ་རྒྱུས་སྙིང་བསྡུས་རེ་སྒྲོགས་སྦྱང་ཞུས་གྲུབ་མཚམས་སྐུ་མགྲོན་གཙོ་བོ་མཆོག་གིས་ལེགས་སྐྱེས་ཕྱག་རྟགས་གནང་། དེ་ནས་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་འདོན་སྤེལ་གནང་བའི་༼དོལ་རྒྱལ་དང་འབྲེལ་བའི་བླང་དོར་ཤེས་བྱ་གནད་བསྡུས།༽ ཞེས་པའི་དཔེ་དེབ་དབུ་འབྱེད་དང་། སྲིད་སྐྱོང་མཆོག་གིས་སྣར་སྐྱིད་ངག་དབང་དོན་གྲུབ་ལགས་ཀྱིས་བོད་བསྒྱུར་དང་ལྡི་ལི་བོད་ཁང་ནས་དཔར་འགྲེམས་ཞུས་པའི་༼འཛམ་གླིང་ཞི་བདེར་སྨན་པའི་འགྲོ་བ་མི་ཡི་ཐབས་ལམ།༽ཞེས་པའི་དཔེ་དེབ་དབུ་འབྱེད་གནང་གྲུབ་བསྟུན། སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་གསུང་བཤད་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྱི་འཐུས་ཀྱི་གསུང་བཤད་གནང་རྗེས་རྡ་སའི་ཉེ་འཁྲིས་སུ་གནས་པའི་སློབ་གྲྭ་སོགས་ཀྱིས་གཞས་སྣ་ཁག་གཅིག་རྒྱ་ཆེའི་མི་མང་སྟོང་ཚོ་བརྒལ་བ་འདུ་འཛོམས་བྱུང་བ་རྣམས་ལ་འཁྲབ་སྟོན་དང་རྡ་ས་ཚོང་ཁང་སྐྱིད་སྡུག་སོགས་ནས་སྐུའི་འཁྲུངས་སྐར་ལ་རྟེན་འབྲེལ་མཚོན་ཆེད་དུ་མངར་ཟས་དང་ཞལ་ཏོག ཆབ་མངར་མོ་སོགས་མི་དམངས་ཁྱོན་ཡོངས་ལ་གནང་སྟེ་སྐུའི་འཁྲུངས་སྐར་དུས་ཆེན་དགའ་སྤྲོའི་རྣམ་པའི་ཁྲོད་དུ་གྲོལ་ཡོད། །