༢༠༡༥ ཟླ་ ༧ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ཟླ་ ༧ ཚེས་ ༩ ཉིན་གྱི་ཕྱི་དྲོ་བོད་ནང་གི་ཆུ་ཚོད་ ༦ པ་ཡས་མས་ལ་ཡུལ་ཤུལ་སྐྱེ་རྒུ་མདོའི་གེ་སར་ཐང་ཆེན་བོད་པའི་ཁང་པ་མང་པོ་ཡོད་སའི་ཉེ་འགྲམ་དུ། ཕ་ཡུལ་ནང་ཆེན་ནས་ཡིན་ཞིང་། རང་ལོ་ ༢༧ ལ་སོན་པའི་བོད་པའི་དགེ་འདུན་པ་བསོད་ནམས་སྟོབས་རྒྱལ་ལགས་ཞུ་བ་ཞིག་གིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ཐོན་འདུག སྐབས་དེར་བོད་མི་ཚོས་ཁོང་སྨན་ཁང་དུ་འཁྲིད་འདུག གནས་ཚུལ་དེ་བྱུང་མ་ཐག་ཡུལ་ཤུལ་ཁུལ་གྲོང་ཁྱེར་གྱི་གཞུང་ལམ་མང་ཆེ་བ་དྲག་ཆས་ཉེན་རྟོག་དཔུང་དམག་གིས་བཀག་སྡོམ་བྱས་འདུག ཁོང་གི་གཟུགས་པོ་ཚང་མ་ཚིགས་མེད་ཀྱང་ད་ལྟའི་ཆར་འདས་གསོན་ཇི་ཡིན་ཤེས་རྟོགས་ཐུབ་མེད། སྤྱིར་ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༧ ཉིན་བོད་མདོ་སྨད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་གི་བོད་རིགས་བུད་མེད་སངས་རྒྱས་མཚོ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏངསྟེ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་རྗེས་ཀྱི་རང་ལུས་མེར་སྲེག་གཏོང་མཁན་ ༡༤༡ པ་དེ་ཆགས་ཡོད།