༢༠༡༥ ཟླ་ ༧ ཚེས་ ༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༣༠ ཉིན་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ཐོ་མ་སི་མན་ Thomas Mann མཆོག་དང་། ས་བྷ་ས་གོར་ Csaba Sógor མཆོག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། དེ་བཞིན་བྷར་སེལ་སྐུ་ཚབ་དོན་ཁང་བཅས་ཐུན་མོང་ནས་གོང་ཚེས་ཉིན། འདི་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་གྱ་སྟོན་ཡུ་རོབ་གྲོས་ཚོགས་ནང་ European Parliament སྲུང་བརྩི་ཞུ་འགོ་བཙུགས་འདུག པར་རིགས་འགྲེམས་སྟོན་དེ་ཕྱི་ཟླ་ ༧ ཚེས་ ༣ བར་གནང་རྒྱུ་ཡིན་འདུག པར་རིགས་འགྲེམས་སྟོན་གྱི་བརྗོད་གཞི་གཙོ་བོ་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་གསུམ་སྟེ། འགྲོ་བ་མིའི་བཟང་སྤྱོད་དང་ཆོས་ལུགས་མཐུན་སྒྲིལ་གོང་སྤེལ།
དེ་བཞིན་རྒྱ་ནག་གཞུང་གི་དབང་བསྒྱུར་འོག་རྩ་རླག་ཏུ་འགྲོ་རྒྱུའི་ཉེན་ཁ་འཕྲད་བཞིན་པའི་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་མཛད་རྒྱུ་བཅས་ཐུགས་བསྐྱེད་དམ་བཅའ་གཙོ་བོ་གསུམ་ལ་གུས་བརྩི་ཞུ་ཆེད་ཡིན་འདུག ཕྱོགས་མཚུངས་པར་རིགས་འགྲེམས་སྟོན་ནང་མགོན་པོ་གང་ཉིད་མཆོག་དེ་སྔ་ཡུ་རོབ་གྲོས་ཚོགས་སུ་ཆིབས་སྒྱུར་བསྐྱངས་པ་དང་། ལྷག་པར་དུ་ཕྱི་ལོ་ ༡༩༨༩ ལོར་སི་ཊར་སི་བྷག་ཏུ་ Strasbourg ༸གོང་ས་མཆོག་ཆིབས་སྒྱུར་བསྐྱངས་ནས་ཞི་བའི་དོན་ཚན་ལྔའི་ཐོག་གསལ་བཤད་མཛད་པ་རྣམས་དྲན་གསོ་ཞུ་རྒྱུ་ཡིན་པ་དང་། མཛད་སྒོའི་སྐབས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་། ཆབ་སྲིད་མི་སྣ་གྲགས་ཅན་ཁག་སོགས་མཉམ་ཞུགས་གནང་ཡོད་པ་མ་ཟད། སྐབས་དེར་བོད་ཀྱི་རིག་གཞུང་དང་འབྲེལ་བའི་གཞས་སྣ་ཁག་གཅིག་འཁྲབ་སྟོན་དང་སྨོན་ལམ་གསུང་འདོན་སོགས་ལས་འགུལ་སྤེལ་ཡོད་འདུག སྤྱིར་པར་རིགས་འགྲེམས་སྟོན་གྱི་མཛད་སྒོ་དེ་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ཐོ་མ་སི་མན་ Thomas Mann མཆོག་དང་། ས་བྷ་ས་གོར་ Csaba Sógor མཆོག་གཉིས་ཀྱིས་དབུ་འབྱེད་གནང་ཡོད་པ་དང་། སྐབས་དེར་ཡུ་རོབ་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་ཚན་པའི་ཚོགས་གཙོ་སྐུ་ཞབས་ཧེན་རི་མ་ལོ་སི་ Mr. Henri Malosse མཆོག་གིས་དབུ་འབྱེད་མཛད་སྒོའི་གཏམ་བཤད་གནང་།
དེ་ཡང་མཛད་སྒོ་གོ་སྒྲིག་ཚོགས་ཆུང་གིས་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་འཁོད་དོན། ཐེངས་འདིར་པར་རིགས་ཀྱི་འགྲེམས་སྟོན་འདི་ལྟ་བུ་ཡུ་རོབ་གྲོས་ཚོགས་ནང་གོ་སྒྲིག་ཞུ་དགོས་པ་དེར་དགོས་པ་རྒྱུ་མཚན་དང་མཚོན་དོན་ཧ་ཅང་ཆེན་པོ་ཡོད། དེའི་རྒྱུ་མཚན་གང་ཡིན་བརྗོད་ན། ཡུ་རོབ་གྲོས་ཚོགས་འདིས་འཛམ་གླིང་ཁྱོན་དི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བ་རྣམས་ལ་གདོང་ལེན་བྱས་དང་བྱེད་མུས་ཡིན་པ་མ་ཟད། ལས་འགུལ་སྣེ་ཁྲིད་གནང་མཁན་གྱི་སྒྲིག་འཛུགས་ཤིག་ཆགས་ཡོད། ལྷག་པར་སྒྲིག་འཛུགས་འདིའི་བོད་དོན་ཆེད་གཟིགས་རྟོགས་གནང་མཁན་བོད་དོན་རྒྱབ་སྐྱོར་ཚན་པས་བོད་དོན་རྒྱབ་སྐྱོར་གྱི་ལས་གཞི་ད་བར་ཤུགས་ཆེ་སྤེལ་བཞིན་ཡོད། ཅེས་འཁོད་འདུག དེ་རྗེས་ཡུ་རོབ་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་ཚན་པའི་ཚོགས་གཙོ་སྐུ་ཞབས་ཧེན་རི་མ་ལོ་སི་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་ཡོད། དེ་ནས་བྷར་སེལ་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་འདུག་པ་མ་ཟད། གྲོས་ཚོགས་འཐུས་མི་རྣམས་དང་ལས་བྱེད་བཅས་ལ་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པ་དང་སྦྲགས། ༸གོང་ས་མཆོག་གི་མཛད་སྒོའི་ཐོག་སྤེལ་བའི་གསུང་འཕྲིན་སྒྲོགས་སྦྱང་ཞུས་པའི་ནང་འཁོད་དོན། ཐེངས་འདིར་པར་རིགས་འགྲེམས་སྟོན་གྱི་ལམ་ནས་ཁྱེད་ཚོ་འགའ་ཤས་ཀྱིས་ངོས་ཀྱིས་འབད་བརྩོན་བྱེད་བཞིན་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ་གོང་སྤེལ་གཏོང་ཐབས་སོགས་ཀྱི་ལས་དོན་ལ་བསྔགས་བརྗོདད་གནང་རྒྱུའི་གོ་སྐབས་ཤིག་ཐོབ་རྒྱུའི་རེ་བ་ཞུ་བཞིན་ཡོད། ཕྱོགས་མཚུངས་འགྲེམས་སྟོན་འདི་བརྒྱུད་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་དོ་སྣང་བསླེབས་ནས་འཛམ་གླིང་ནང་བྱམས་བརྩེ་དང་ཞི་བདེའི་རིན་ཐང་གོང་མཐོར་གཏོང་རྒྱུའི་ནུས་པ་རྒྱ་སྐྱེས་ཡོང་རྒྱུའི་རེ་བ་ཞུ་བཞིན་ཡོད། ཅེས་བཀའ་སློབ་སྩལ། པར་རིགས་འགྲེམས་སྟོན་སྐབས་ཡུ་རོབ་གྲོས་ཚོགས་འཐུས་མི་དང་ལས་བྱེད་པ་སོགས་ཁྱོན་མི་གྲངས་ ༡༠༠ ཙམ་ཕེབས་འདུག །