༢༠༡༥ ཟླ་ ༧ ཚེས་ ༤ རེས་གཟའ་སྤེན་པ།
༄༅། །བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ནས་ཕྱི་ལོ་༢༠༡༥ ཟླ་ ༡༠ ཚེས་ ༢༦ ཪེས་གཟའ་ཟླ་བ་ནས་ཚེས་༣༡ རེས་གཟའ་སྤེན་པ་བར་ཉིན་གྲངས་དྲུག་གི་རིང་བཞུགས་སྒར་རྡ་རམ་སཱ་ལར་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་སྨན་པ་རྣམས་ཀྱི་ཤེས་ཡོན་གོང་སྤེལ་ཆེད་ཟབ་སྦྱོང་(CME) ཞིག་གོ་སྒྲིག་ཞུ་གཏན་འཁེལ་ཡོད། ཉིན་གྲངས་དྲུག་གི་ཟབ་འཁྲིད་འདིར་གཙོ་བོ་གསོ་བ་རིག་པའི་གཞུང་དང་ལག་ལེན། བརྟག་ཐབས་དང་ནད་བཅོས། སྲིད་བྱུས་དང་ཉམས་ཞིབ་བཅས་ཀྱི་བརྗོད་གཞིའི་ཐོག་ཁྱོན་ཚོགས་ཐེངས་ཉི་ཤུ་རྩ་བཞིའི་ནང་ཆེད་ལས་མཁས་དབང་བཅུ་གཉིས་ཀྱིས་གཏམ་བཤད་ཟབ་འཁྲིད་གནང་རྒྱུའི་འཆར་གཞི་ཡོད། ད་ལན་གྱི་ཟབ་འཁྲིད་འདི་བཞིན་རྒྱ་གར་དབུས་ཨཱ་ཡུ་ཤའི་བློན་ཆེན་ (Ministry of AYUSH) ལས་ཁུངས་ནས་གསོ་བ་རིག་པའི་སྨན་པ་རྣམས་ཀྱི་ཤེས་ཡོན་གོང་སྤེལ་ཆེད་རོགས་དངུལ་ཞུས་ཐོབ་བྱུང་བ་ཞིག་ཡིན། ཨཱ་ཡུ་ཤའི་རོགས་དངུལ་ཞུ་ལེན་གྱི་ལམ་སྟོན་ཡིག་ཆ་ནང་གསལ་ཟབ་འཁྲིད་འདིར་སྨན་པའི་གྲངས་ཚད་ ༣༠ ལས་མ་བརྒལ་བ་དང་དེ་ཡང་མངའ་སྡེ་གཅིག་ནས་ཚོགས་བཅར་སྨན་པ་གྲངས་ལྔ་ལས་གོ་སྐབས་མེད་པར་སོང་འབྲེལ་ཡོད་སྨན་པ་རྣམས་ནས་གོང་གསལ་ཟབ་སྦྱོང་ལ་བཞུགས་འདོད་མཆིས་ཚེ་ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༠ ནང་ཚུད་སྨན་པའི་ལྷན་ཚོགས་སུ་ཡིག་ཐོག་དེབ་སྐྱེལ་གནང་རོགས་ཞུ། ལམ་སྟོན་ཡིག་ཆ་ནང་གསལ་གལ་ཏེ་ཚོགས་བཅར་སྨན་པ་གྲངས་ ༣༠ ལས་མང་བས་དེབ་བཀོད་འབྱུང་ཚེ་དེ་སྔ་ལྷན་ཚོགས་ནས་གོ་སྒྲིག་ཞུས་པའི་ཟབ་འཁྲིད་ཞུས་ཐོབ་མ་བྱུང་བ་རྣམས་ལ་གོ་སྐབས་དང་པོ་འབུལ་རྒྱུ་ཡིན། ཟབ་འཁྲིད་འདིར་བཞུགས་མཁན་སྨན་པ་རྣམས་ཀྱི་ལམ་གྲོན་(མེ་འཁོར་ཨང་གཉིས་པའི་རིན་གོང་ནང་ཚུད་འགྲོ་གྲོན།)དང་ཟབ་སྦྱོང་རིང་གི་བཞུགས་ཡུལ་མགྲོན་ཁང་དང་ལྟོ་དོད་ཉིན་དགུང་ཞལ་ལག་བཅས་ཨཱ་ཡུ་ཤའི་ལམ་སྟོན་ཡིག་ཆ་ནང་གསལ་འབུལ་རྒྱུ་ཡིན། ཟབ་འཁྲིད་ཀྱི་ལམ་སྟོན་ཡིག་ཆ་དང་ལས་རིམ་རགས་ཟིན་སྨན་ལྷན་དྲ་རྒྱའི་ www.tibmedcouncil.org གསལ་བསྒྲགས་ནང་གཟིགས་རྒྱུ་ཡོད་པ་དེ་དོན་ཡོངས་ཁྱབ་གསལ་བསྒྲགས་སུ་སྨན་ལྷན་ཡིག་ཚང་ནས་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡ ལ་ཕུལ།།