༢༠༡༥ ཟླ་ ༧ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གོ་སྒྲིག་འོག མཆིན་པའི་གཉན་ཚད་སྐོར་ཚོགས་འདུ་ཚོགས་འདུག དེ་ཡང་ཉེ་ཆར་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་རྟེན་གཞི་བྱས་པའི་རོ་ཅེ་སི་ཊར་གཙུག་ལག་སློབ་གཉེར་ཁང་ University of Rochester གི་སློབ་དཔོན་ཏི་མོ་ཐི་ཌ་ཡེ་ Dr. Timothy Dye ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱིས་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་གཙོས་འཕྲོད་བསྟེན་དྲུང་ཆེ་དང་། འབྲེལ་ཡོད་ལས་བྱེད་བཅས་ལྷན་འཛོམས་ཐོག་བོད་མི་སྐྱབས་བཅོལ་བའི་ཁྲོད་མཆིན་པའི་གཉན་ཚད་ཀྱི་གནད་གཞིའི་སྐོར་གྱི་སྙན་ཐོའི་ཐོག་གོ་བསྡུར་ལྷུག་པོ་གནང་འདུག མཆིན་པའི་གཉན་ཚད་ཀྱི་ནད་གཞིའི་ཐོག་གནས་ཚུལ་བསྡུ་རུབ་དེ་བཞིན་སྔ་ལོར་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་དང་བྱང་ཐང་ཁྱབ་ཁོངས་སུ་བོད་མི་ཁྱོན་མི་གྲངས་ ༣༠༠ ཙམ་ལ་བཅའ་འདྲི་གནང་བའི་ཁྲོད་ནས་བོད་མི་ ༢༧ ལ་ནད་གཞི་འདི་མནར་བཞིན་ཡོད་པ་ཤེས་རྟོགས་བྱུང་འདུག
གཞན་ཡང་འཕྲོད་བསྟེན་བཀའ་བློན་མཆོག་གིས་སློབ་དཔོན་ཏི་མོ་ཐི་ཌ་ཡེ་ལགས་དང་ལས་རོགས་ཚོ་བཅས་དང་ལྷན་ཟུར་དུ་ཐུག་འཕྲད་ཀྱིས་མཆིན་པའི་གཉན་ཚད་ནད་གཞི་འདི་ལྡོག་ཐབས་དང་འབྲེལ་བའི་ཐོག་གོ་བསྡུར་གནང་འདུག དེ་བཞིན་སྐབས་དེར་སློབ་དཔོན་ཏི་མོ་ཐི་ཌ་ཡེ་ལགས་ཀྱིས་སྙན་ཐོ་དེ་འཕྲོད་བསྟེན་དྲུང་ཆེ་དང་། སྨན་རྩིས་ཁང་གི་ལས་བྱེད་སོགས་ལ་བསྟན་ཡོད། ཁོང་རྣམ་པས་ནད་གཞི་འདི་དང་འབྲེལ་བའི་ཐོག་མ་འོངས་པར་ལས་དོན་བྱེད་ཕྱོགས་ཀྱི་སྐོར་གོ་བསྡུར་ཞིབ་ཕྲ་གནང་ཡོད་འདུག