༢༠༡༥ ཟླ་ ༧ ཚེས་ ༨ རེས་གཟའ་ལྷག་པ།
༄༅།།འདི་གར་བལ་ཡུལ་སྐུ་ཚབ་དོན་ཁང་གིས་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༨ ཉིན་བཏང་གནས་ནང་འཁོད་དོན།
བོད་རྒྱལ་ལོ་ ༢༡༤༢ སྤྲེལ་ཟླའི་ཚེས་ ༢༠ ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༦ རེ་གཟའ་ཟླ་བའི་ཉིན་ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཕགས་མཆོག་འཇིག་རྟེན་དབང་ཕྱུག་མིའི་རྣམ་པར་རོལ་པ། བོད་མི་ཡོངས་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་ྋགོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་པ་ྋརྒྱལ་མཆོག་སྐུ་ཕྲེང་ ༡༤ ཆེན་པོ་མཆོག་དགོས་པ་དང་དོན་གྱི་སླད་དུ་མཚན་ནས་སྨོས་ན། རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༠ ཕེབས་པའི་ྋསྐུའི་འཁྲུངས་སྐར་གྱི་དུས་ཚིགས་ཁྱད་པར་ཅན་གྱི་ཉིན། སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་རྟ་མང་སྤྲུལ་སྐུ་བློ་བཟང་རྣམ་རྒྱལ་རིན་པོ་ཆེ་མཆོག་དང༌། རིས་མེད་དགོན་སྡེ་ཁག་གི་སྐྱབས་གནས་བླ་སྤྲུལ་དང་། མཁན་པོ། དགེ་འདུན་གྱི་སྡེ། དམིགས་བསལ་སྐུ་མགྲོན་རྒྱ་གར་གཞུང་ཚབ་གྱི་ First Secretary Mr. Abhay Kumar མཆོག་དང༌། བལ་ཡུལ་ནང་པའི་ཚོགས་ཆེན་གྱི་ཚོགས་གཙོ་མཁན་པོ་འཇིགས་གྲོལ་མཆོག།བལ་ཡུལ་དུས་བབ་གསར་ཤོག Nepal Times གི་རྩོམ་སྒྲིག་འགན་འཛིན་ Mr Kunda Dixit མཆོག FNCCI ཚོགས་གཙོ་ཟུར་པ་ Mr Suraj Vaidya མཆོག
བལ་ཡུལ་དོན་གཅོད་རྟ་མགྲིན་རྡོ་རྗེ་ལགས། བོད་མི་མང་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས། ས་གནས་འཐུས་ཚོགས་ཁག་གི་ཚོགས་གཙོ་དང་འཐུས་མི་རྣམ་པ། ས་གནས་ཁག་གི་འགོ་འཛིན་རྣམ་པ། ས་གནས་རང་བདེན་ཚོགས་ཆུང་ཁག་གི་ཚོགས་གཙོ་དང་འཐུས་མི་རྣམ་པ། སྤྱི་ཟུར་རྣམ་པ། སློབ་གྲྭ་ཁག་གི་དབུ་འཛིན་དང་སློབ་སྤྱི་རྣམ་པ། ཧི་མཱ་ལ་ཡའི་ཚོགས་སྐྱིད་ཁག་གི་ཚོགས་གཙོ། གཏོང་ཕོད་ལྷག་བསམ་ཅན་གྱི་འཁྲུངས་སྐར་འཐེབ་རྩེའི་སྦྱིན་བདག་རྣམ་པ། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་འགོ་འཛིན་རྣམ་པ། གཞུང་ཞབས་ཟུར་པ་རྣམ་པ། གཞུང་འབྲེལ་ལས་ཁུངས་ཁག་གི་ལས་བྱེད་རྣམ་པ་དང༌། སེར་སྐྱ་མི་མང་རྣམས་འཕགས་ཤིང་རྣམ་རྒྱལ་འབྲིང་རིམ་སློབ་གྲྭའི་རྩེད་ཐང་དུ་འཛོམས་ཏེ་བཞུགས་གྲལ་དུ་འཁོད་ཟིན་རྗེས་ཀོ་པན་འོག་མིན་བྱང་ཆུབ་ཆོས་གླིང་དགོན་པ་ནས་གསེར་འཕྲེང། རྣམ་རྒྱལ་འབྲིང་སློབ་ཀྱིས་རྔ་རོལ་རུ་སྒྲིག བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པས་བཀྲ་ཤིས་གཞོལ་པ་དང་ལྷ་ཀླུ་གཞས་མས་གཟབ་མཆོར་སྤྲས་ཏེ་རྟེན་འབྲེལ་གྱི་གླུ་དབྱངས་གྱེར་བཞིན་རྣམ་རྒྱལ་འབྲིང་སློབ་ཀྱི་ལས་ཁུངས་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སྤོས་སྣེས་བསུས་ཏེ་གསེར་ཁྲི་མཐོན་པོར་མངའ་གསོལ་ཞུས། སྐུ་མགྲོན་གཙོ་བོ་རྟ་མང་སྤྲུལ་སྐུ་བློ་བཟང་རྣམ་རྒྱལ་རིན་པོ་ཆེས་སྣང་གསལ་ཞལ་ཕྱེ་གནང་ཡོད། དེ་ནས་རྡོ་རྗེ་སློབ་དཔོན་སྤྲུལ་སྐུ་བློ་བཟང་རྣམ་རྒྱལ་རིན་པོ་ཆེ་དབུ་བཞུགས་ཐོག་ཀོ་པན་གྲྭ་ཚང་གི་ཆོ་གྲྭ་ཡོངས་ནས་མཁའ་འགྲོ་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་འདེགས་འབུལ་དང༌།
དེ་བཞིན་རིན་པོ་ཆེས་དབུས་སྐྱབས་གནས་བླ་སྤྲུལ་དགེ་འདུན་རྣམས་ནས་ཁྲུས་གསོལ་རབ་གནས་དང༌། རིམ་བཞིན་སྐུ་མགྲོན་གཙོ་བོ་རིན་པོ་ཆེ་དང༌། དོན་གཅོད། སྤྱི་འཐུས། ཆོས་ལུགས་ཁག་གི་བླ་སྤྲུལ་མཁན་པོ་རྣམ་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང༌། ྋརྒྱལ་བའི་ཞབས་བརྟན་གསོལ་འདེབས་འདོན་བཞིན་སྐུ་མགྲོན་རྣམ་པས་མཇལ་དར་སྒྲོན། རྣམ་རྒྱལ་འབྲིང་རིམ་སློབ་གྲྭའི་སློབ་མ་རྣམས་ཀྱིས་རྔ་རོལ་དང་བཅས་བལ་བོད་གཉིས་ཀྱི་རྒྱལ་གླུ་དང་སྐུའི་གསང་གསུམ་གྱི་བསྟོད་པ་དྲུག་བཅུའི་དབྱངས་སྙན་ཕུལ། དེ་རྗེས་རྣམ་རྒྱལ་འབྲིང་སློབ་སློབ་ཕྲུག་ཁག་ཅིག་ནས་ྋགོང་ས་མཆོག་ལ་སྨོན་ལམ་གསོལ་འདེབས་གསུང་འདོན་གནང་སྟེ་སྐུའི་འཁྲུངས་སྐར་གོ་སྒྲིག་ཚོགས་ཆུང་ནས་ྋརྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང༌། སྐུ་མགྲོན་རྣམ་པ། སེར་སྐྱ་མི་མང་རྣམས་ལ་རྟེན་འབྲེལ་གྱི་གསོལ་ཇ་འབྲས་བསིལ་འདེགས་འབུལ་ཞུས། བལ་ཡུལ་དོན་གཅོད་རྟ་མགྲིན་རྡོ་རྗེས་གྱ་སྟོན་འཚམས་འདྲིའི་གཏམ་བཤད་དང་སྦྲགས།
སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་སྐུའི་འཁྲུངས་སྐར་གྱི་མཛད་སྒོའི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གི་གཏམ་བཤད་མང་ཚོགས་ལ་སྒྲོགས་སྦྱུང་གནང་། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཏམ་བཤད་མང་ཚོགས་ལ་སྙན་སྒྲོན་ཞུས། འདི་ལོ་བལ་ཡུལ་ས་ཁུལ་དུ་རང་བཞིན་འབྱུང་བའི་གནོད་འཚེ་ས་ཡོམ་ཤུགས་ཆེས་རྐྱེན་པས་མི་རྒྱུ་གཉིས་ལ་གནོད་སྐྱོན་འཚབ་ཆེ་ཕོག་ནས་དཀའ་སྡུག་མྱོང་བཞིན་པའི་དུས་སྐབས་དེར་བོད་བརྒྱུད་ནང་བསྟན་དགོན་སྡེ་རྣམས་ནས་མ་གྲོས་བསམ་པ་གཅིག་མཐུན་ཐོག། ཐོག་མར་སྲོག་བླུ་དང༌། བར་དུ་རོགས་སྐྱོབས། མཐའ་མར་བསྐྱར་གསོའི་ལས་རིམ་བཅས་ཞབས་ཞུ་མིག་སྨན་མིག་ཐོག་ཕན་པ་ལྟབུའི་རླབས་ཆེན་བྱས་རྗེས་ལ་ཡི་རང་བསྔགས་བརྗོད་དང་འབྲེལ། ཐུགས་རྗེ་ཆེ་ཞུའི་གཟེངས་བསྟོད་ཕྱག་ཁྱེར་ཕུལ། གསོལ་ཚིག་གྲུབ་མཚམས་སློབ་གྲྭ་ཁག་དང་བལ་ཡུལ་ལྷ་མོ་ཚོགས་པ་ནས་གཞས་སྣ་འཁྲབ་སྟོན་ཞུས། བལ་ཡུལ་ནང་གི་གཞུང་འབྲེལ་གཏན་ཉིན་སློབ་གྲྭ་བཞི་དང་བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པ་ནས་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་གྱི་ཚུལ་དུ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་གླུ་གར་གྱི་མཆོད་དབྱངས་ཕུལ།
འཁྲུངས་སྐར་ཉིན་གཉིས་པའི་སྐབས་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པ་ནས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་གྱི་ཚུལ་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ལྷ་མོའི་སྒྱུ་སྩལ་ལམ་ནས་ལྷ་གཞུང་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྗེ་བཙུན་མི་ལ་བཞད་པ་རྡོ་རྗེའི་རྣམ་ཐར་ཉིན་འཁྱོངས་སུ་འཁྲབ་སྟོན་ཞུས། དེ་ཉིན་སྐུ་མགྲོན་དང་སེར་སྐྱ་མི་མང་ཡོངས་རྫོགས་འདུ་འཛོམས་གནང་ཡོད། ྋརྒྱལ་བའི་སྐུའི་འཁྲུངས་སྐར་ཉིན་ནད་མནར་གྱིས་འཆི་གསོན་ལ་ཐུག་པ་རྣམས་ཀྱི་ཚེ་སྲོག་སྐྱོབས་རྒྱུར་བལ་ཡུལ་རྒྱ་ཁྲམ་དམར་པོར་རང་རེའི་བོད་མི་ ༥༢ ཙམ་གྱི་བདག་ལས་གཞན་གཅེས་པར་འཛིན་པའི་སྦྱིན་པའི་ནང་ནས་མཆོག་དུ་གྱུར་བ་ཁྲག་གི་སྦྱིན་པ་ཕུལ་ཡོད།།