༢༠༡༥ ཟླ་ ༧ ཚེས་ ༡༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༥ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་དབུས་འོས་བསྡུ་ལས་ཁང་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ཉི་ཤུ་རྩ་བཞི་པའི་ནང་གསེས་ཁག་དང་འགལ་འཛོལ་བྱུང་ཚེ་སྒྲིག་གཞི་དོན་ཚན་ཉི་ཤུ་རྩ་ལྔའི་དགོངས་དོན་ཉེས་ཆད་གཏན་འབེབས་གནང་སྐོར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་དབུ་བཞུགས་ཐོག་འགན་འཛིན་ལས་འཕར་དགེ་བཤེས་བསྟན་པ་བཀྲ་ཤིས་ལགས་དང་། བསྟན་འཛིན་ཆོས་འཕེལ་ལགས། དྲུང་འཕར་ཚེ་རིང་སྟོབས་རྒྱལ་ལགས། དྲུང་གཞོན་བསྟན་འཛིན་ནོར་བུ་ལགས་བཅས་ཕེབས་ཏེ་ཕྱི་ནང་གི་གསར་འགོད་པ་ ༢༠ བརྒལ་བ་ལྷན་འཛོམས་ཐོག་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་མཆོག་གིས་གསར་འགོད་གསལ་བསྒྲགས་གནང་དོན།
བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༥ ནང་འོས་བསྡུའི་ལས་དོན་ལ་འགལ་རྐྱེན་བྱེད་པོར་ཉེས་ཆད་ཅེས་པའི་དོན་ཚན་དེའི་འོག་འོས་གཞིའམ། དེར་ཕྱོགས་གཏོགས་བྱེད་མི་དང་། སྐྱེ་བོ་སུ་རུང་། འོས་བསྡུའི་ལས་བྱེད་དམ། སྲིད་དོན་གྱི་ཚོགས་པ། ཚོགས་སྐྱིད་ཁག་ནས་དོན་ཚན་ ༢༤ པ་ནང་གསལ་འགལ་འཛོལ་བྱུང་རིགས་ལ་དབུས་འོས་བསྡུ་ལས་ཁང་ནས་རྩད་ཞིབ་ནན་ཏན་བྱས་ཏེ་ཉེས་ཆད་གཏན་འབེབས་ཀྱིས་སྐབས་འཕྲལ་སོ་སོར་རྒྱ་ཁྱབ་གསལ་བསྒྲགས་བྱེད་དགོས། ཞེས་འཁོད་ཡོད་སྟབས། དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་དང་འགན་འཛིན་ལས་འཕར་རྣམ་གཉིས་བཅས་བཀའ་བསྡུར་གནང་སྟེ། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ཉི་ཤུ་རྩ་བཞི་པའི་ནང་གསེས་ཁག་དང་འགལ་འཛོལ་བྱུང་ཚེ་སྒྲིག་གཞི་དོན་ཚན་ཉི་ཤུ་རྩ་ལྔའི་དགོངས་དོན་ཉེས་ཆད་གཏན་འབེབས་གནང་བ་ཁག་སྒྲོགས་སྦྱང་གནང་བ་གཤམ་གསལ།
བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ཉི་ཤུ་རྩ་བཞི་པའི་ནང་གསེས་ཁག་དང་འགལ་འཛོལ་བྱུང་ཚེ་སྒྲིག་གཞི་དོན་ཚན་ཉི་ཤུ་རྩ་ལྔའི་དགོངས་དོན་ཉེས་ཆད་གཏན་འབེབས་གཤམ་གསལ།
༡ འོས་གཞིའི་སྐྱེ་བོའམ། དེའི་ཕྱོགས་གཏོགས་བྱེད་མི། གཞན་ཡང་སྐྱེ་བོ་སུ་རུང་ནས་དངུལ་དངོས་སོགས་ལྐོག་རྔན་སྤྲོད་ལེན་ནམ། སྤྲོད་དོན་བྱེད་རྒྱུར་ཁས་ལེན་གྱིས་སྐྱེ་བོ་གང་ཞིག
ཀ འོས་གཞིར་འཛུལ་ཞུགས་བྱེད་དུ་འཇུག་པ་དང༌། བྱེད་དུ་མི་འཇུག་པ། དེ་བཞིན་འོས་གཞིར་ཞུགས་པ་ནས་ཕྱིར་འཐེན་བྱེད་དུ་འཇུག་པ་དང༌། བྱེད་དུ་མི་འཇུག་པ་བཅས་ལ་ཐབས་ཤེས་རྒྱུད་སྐུལ་བྱེད་པ།
ཁ ཕྱོགས་མཚུངས་འོས་འཕེན་པ་ཞིག་ནས་འོས་ཤོག་འཕེན་དུ་འཇུག་པ་དང༌། འཕེན་དུ་མི་འཇུག་པ་བཅས་ལ་ཐབས་ཤེས་རྒྱུད་སྐུལ་བྱེད་པ།
དེ་ལྟར་འགལ་འཛོལ་དངོས་ར་འཕྲོད་པ་བྱུང་ཚེ། ཉེས་ཆད་ནི། འགལ་ཚབས་ཆེ་བར་ངོས་འཛིན་གྱིས་འོས་གཞི་སྐྱེ་བོ་དེའི་འོས་ཤོག་ཆ་ཚང་རྩིས་མེད་ཐོག་ལོ་བཅུ་རིང་གཞུང་འབྲེལ་འོས་གཞི་དང། འོས་འཕེན་ཐོབ་ཐང་འཕྲོག་རྒྱུ།
༢ ཡང་ན་འོས་གཞིའམ། འོས་འཕེན་པ་ཞིག་ལ་དྲག་ཤུགས་ཀྱི་ཐོག་ནས་འཇིགས་སྣང་སྐུལ་བའམ། སྐྱེ་བོ་གང་དག་འོས་གཞིར་འཛུལ་འཐེན་བྱེད་པ་དང༌། འོས་བསྡུ་བྱེད་དང་མི་བྱེད་པ་བཅས་འོས་བསྡུའི་རང་དབང་ལ་ཐེ་བྱུས་དང་འགལ་རྐྱེན་བྱེད་པ།
དེ་ལྟར་འགལ་འཛོལ་དངོས་ར་འཕྲོད་པ་བྱུང་ཚེ། ཉེས་ཆད་ནི། སྐྱེ་བོ་དེར་ལོ་བཅུ་རིང་གཞུང་འབྲེལ་འོས་འཕེན་ཐོབ་ཐང་འཕྲོག་རྒྱུ།
༣ ཡང་འོས་གཞིའི་སྐྱེ་བོ་གཞན་ཞིག་གམ། དེའི་ཕྱོགས་གཏོགས། གཞན་ཡང་སྐྱེ་བོ་སུ་རུང་ནས་སྐྱེ་བོ་གཞན་ཞིག་ལ་འོས་བསྡུའི་རྒྱལ་ཁ་མ་ཐོབ་པའི་བསམ་སྦྱོར་ངན་པས་ཀུན་ནས་བསླངས་ཏེ་གཞི་མེད་སྒྲོ་བཏགས་ཀྱིས་སྐྱོན་བརྗོད་དམའ་འབེབས་བྱེད་པ་དང༌། ལུང་ཚན། ཆོས་བརྒྱུད། སྤྱི་ཚོགས་བཅས་ཀྱི་དབར་དབྱེན་སྦྱོར་གྱིས་ཕན་ཚུན་འཁོན་འཁྲུག་འབྱུང་གཞིའི་རྐྱེན་སློང་བྱེད་པ།
དེ་ལྟར་འགལ་འཛོལ་དངོས་ར་འཕྲོད་པ་བྱུང་ཚེ། ཉེས་ཆད་ནི། འགལ་ཚབས་ཆེ་བར་ངོས་འཛིན་གྱིས་འོས་གཞིའི་སྐྱེ་བོ་དེའི་འོས་ཤོག་ཆ་ཚང་རྩིས་མེད་དང། དེའི་ཕྱོགས་གཏོགས་དང་། གཞན་ཡང་སྐྱེ་བོ་སུ་རུང་དེར་ལོ་བཅུ་རིང་གཞུང་འབྲེལ་སྡེ་ཚན་གང་དུ་ཡང་འོས་འཕེན་ཐོབ་ཐང་འཕྲོག་རྒྱུ།
༤ འོས་གཞིའམ། ཕྱོགས་གཏོགས་བྱེད་མི། གཞན་ཡང་སྐྱེ་བོ་སུ་རུང་ནས་འོས་བསྡུའི་ལས་དོན་ལ་ཕན་གནོད་འབྲེལ་བའི་རྒྱབ་སྐྱོར་རོགས་རམ་དགོས་པའི་འབོད་བསྐུལ་དང༌། སྐྱབས་འཚོལ་བྱུང་རིགས་ལ་གཞུང་འབྲེལ་ལས་བྱེད་སྤྱི་དང༌། ལྷག་པར་འོས་བསྡུའི་ལས་བྱ་སུ་ཐད་ནས་གོ་དབང་བེད་སྤྱོད་བྱེད་པ།
དེ་ལྟར་འགལ་འཛོལ་དངོས་ར་འཕྲོད་པ་བྱུང་ཚེ། ཉེས་ཆད་ནི། སྐབས་འཕྲལ་གནས་སྤོའི་རྒྱབ་གཉེར་དང། འོས་བསྡུའི་ལས་འགན་ནས་གནས་དབྱུང་གཏོང་རྒྱུ།
༥ འོས་གཞི་སུ་ཐད་ནས་འོས་བསྡུའི་ལས་དོན་སྐོར་མི་མང་བསྐོང་ཚོགས་ཀྱིས་དྲང་བདེན་མིན་པའི་གནས་ཚུལ་གསལ་བསྒྲགས་བྱེད་པ་དང་ཡིག་ཆ་འགྲེམས་སྤེལ་བྱེད་པ།
དེ་ལྟར་འགལ་འཛོལ་དངོས་ར་འཕྲོད་པ་བྱུང་ཚེ། ཉེས་ཆད་ནི། འོས་གཞི་མི་འགྲོ་དེའི་འོས་ཐོབ་ཆ་ཚང་རྩིས་མེད་གཏོང་རྒྱུ།
༦ དབུས་འོས་བསྡུ་ལས་ཁང་དང༌། ས་གནས་འོས་བསྡུའི་ལས་བྱེད་ཡོངས་རྫོགས་ནས་འོས་བསྡུའི་གསང་རྒྱ་དགོས་རིགས་ཕྱི་གྲགས་མ་སོང་བར་གནས་པ་དང༌། གནས་པའི་ཐབས་ལམ་བསྟེན་དགོས་པ་ལས་ཤེས་བཞིན་རང་ཉིད་ཀྱི་བློ་ཉེ་མཛའ་གྲོགས་དང༌། རང་ཁོངས་ཆོལ་ཁ་ཆོས་བརྒྱུད་ཚོགས་པ་བཅས་ལ་ཕྱི་བསྒྲགས་བྱེད་པའམ་ཡིག་རིགས་ཁག་གང་བྱུང་སྣང་མེད་ཕྱི་གྱར་དུ་འགྲོ་གཞིའི་རིགས་བཅས་ནམ་ཡང་མི་ཆོག
དེ་ལྟའི་འགལ་འཛོལ་དངོས་ར་འཕྲོད་པ་བྱུང་ཚེ། ཉེས་ཆེད་ནི། འོས་བསྡུའི་ལས་འགན་ནས་གནས་དབྱུང་གཏོང་རྒྱུ།
༧ འོན་ཀྱང་འོས་བསྡུའི་ཁྲིམས་སྲོལ་དང་མཐུན་པའི་ཐོབ་ཐང་ཁག་འགལ་མེད་བེད་སྤྱོད་ཀྱིས་མང་ཚོགས་འདུ་འཛོམས་སར་འོས་གཞི་རང་ཉིད་ནས་ཆབ་སྲིད་ཀྱི་ལྟ་བ་འཁྱེར་སྟངས་དང༌། མི་མང་ལ་ལས་དོན་ཁས་ལེན་གྱི་གསལ་བསྒྲགས། ཡིག་ཆ་འགྲེམས་སྤེལ། འོས་གཞི་སོ་སོའི་ཆོལ་ཁ་དང༌། ཆོས་བརྒྱུད། ཚོགས་སྐྱིད། སྤྱི་སྒེར་སུ་ཐད་ནས་རྒྱབ་གཉེར་གསལ་བསྒྲགས། སྐྱེ་བོ་གང་དག་སྤྱི་འཐུས་སུ་འོས་པའི་མི་འགྲོ་དམིགས་འཛུགས་ཀྱི་བསམ་འཆར་ཡིག་ངག་གཉིས་ཐོག་ནས་གསལ་བསྒྲགས་བྱེད་པ་བཅས་གོང་གསལ་དོན་ཚན་ཁག་གི་བརྗོད་དོན་དང་འབྲེལ་བའི་རིགས་ལ་ཁྲིམས་འགལ་དུ་ངོས་འཛིན་བྱ་རྒྱུ་མིན་རུང༌། འོས་བསྡུའི་དུས་ཚེས་ཀྱི་ཉིན་གྲངས་གཉིས་གོང་ནས་འོས་བསྡུ་མ་ཟིན་བར་རྒྱབ་གཉེར་གསལ་བསྒྲགས་བྱེད་མཚམས་འཇོག་དགོས།
དེ་ལྟར་འགལ་འཛོལ་དངོས་ར་འཕྲོད་པ་བྱུང་ཚེ། ཉེས་ཆད་ནི། འོས་གཞིའི་སྐྱེ་བོ་དེར་ས་གནས་དེའི་འོས་ཐོབ་ཆ་ཚང་རྩིས་མེད་གཏོང་རྒྱུ། ཚོགས་སྐྱིད་གང་དེའི་འགན་འཛིན་དང། སྐྱེ་བོ་སུ་རུང་དེར་ལོ་ལྔ་རིང་གཞུང་འབྲེལ་སྡེ་ཚན་གང་དུ་ཡང་འོས་འཕེན་ཐོབ་ཐང་འཕྲོག་རྒྱུ།
༨ འོས་བསྡུའི་ལས་རིམ་གསལ་བསྒྲགས་ཟིན་པའི་ཉིན་མོ་ནས་སྲིད་སྐྱོང་དང། བཀའ་བློན། སྤྱི་འཐུས་བཅས་འབྲེལ་ཡོད་འོས་གཞིའི་ནང་ཞུགས་བློ་ཡོད་ཚེ། སྒྲིག་འཛུགས་དང། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་འོས་བསྡུ་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་གོ་སྒྲིག་བྱུང་རིགས་ནང་གཞུང་འབྲེལ་གྱི་ངོ་བོར་ཚོགས་བཅར་མི་ཆོག་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དང། དངུལ་དངོས་གང་ཡང་བེད་སྤྱོད་མི་ཆོག གཞུང་འབྲེལ་ཕྱོགས་བསྐྱོད་སྐབས་སུ་ཡང་འོས་བསྡུ་དང་འབྲེལ་བའི་གཏམ་བཤད་རིགས་བྱ་མི་ཆོག
ས་གནས་གང་དུའང་དེ་ལྟར་བྱས་འཛོལ་དངོས་ར་འཕྲོད་པ་བྱུང་ཚེ། ཉེས་ཆད་ནི། འོས་གཞི་དེར་ས་གནས་དེའི་འོས་ཐོབ་ཆ་ཚང་རྩིས་མེད་གཏོང་རྒྱུ།
༩ སྲིད་སྐྱོང་དང། སྤྱི་འཐུས་ཀྱི་འོས་བསྡུ་ནམ་ཡིན་ལ་དབུས་འོས་བསྡུ་ལས་ཁང་ནས་འོས་གཞིར་ཞུགས་མི་དང། དེའི་རྒྱབ་སྐྱོར་བས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་ཀྱི་འགྲོ་གྲོན་ཚད་གཞི་གཏན་འབེབས་དང། རྩིས་ཁྲ་འབུལ་ཕྱོགས། དྲིལ་བསྒྲགས་བྱེད་ཕྱོགས་བཅས་ཀྱི་ལམ་སྟོན་ཁ་གསལ་བྱེད་དགོས་ཞེས་གསལ་བའི་འོག་དོན་ཚན་ ༩ ཅན་གཏན་འབེབས་གནང་ཁག་ལ་འགལ་འཛོལ་བྱུང་རིགས་ཉེས་ཆད་གཤམ་གསལ།
ཀ། སྲིད་སྐྱོང་དང། སྤྱི་འཐུས་ཀྱི་འོས་གཞིར་ཞུགས་མི་དང། དེའི་ཕྱོགས་གཏོགས་ཀྱིས་འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དྲིལ་བསྒྲགས་བྱ་ཡུལ་གསར་ཤོག་ཁག་ནང་བསམ་ཚུལ་དཔར་འགྲེམས་བྱེད་རྒྱུ་དང། སྦྱར་ཡིག་འདྲ་མིན་བཟོ་རྒྱུ། དེབ་ཆུང་དང་སྒྲ་འཛིན་འཁོར་ཐག་བཟོ་རྒྱུ། མི་མང་འདུ་འཛོམས་སྐབས་སོ་སོའི་བསམ་ཚུལ་གཏམ་བཤད་བྱ་རྒྱུ། དྲྭ་རྒྱ། སྤྱི་ཚོགས་དྲྭ་ལམ་སོགས་བརྒྱུད་གསལ་བསྒྲགས་སྤེལ་རྒྱུ་བཅས་འོས་གཞིར་ཞུགས་མི་སོ་སོའི་དྲིལ་བསྒྲགས་ཐོག་དངུལ་གྲོན་གཏོང་རྒྱུའི་ཚད་གཞི། སྲིད་སྐྱོང་ལ་ཧིན་སྒོར་ ༨༠༠,༠༠༠།༠༠ (བརྒྱད་འབུམ་ཐམ་པ་) སྤྱི་འཐུས་བྱེ་བྲག་པ་ལ་ཧིན་སྒོར་ ༣༠༠,༠༠༠།༠༠ (གསུམ་འབུམ་ཐམ་པ་) ལས་མ་བརྒལ་བ་གཏོང་ཆོག་ཀྱང། འགྲོ་གྲོན་གཏོང་རྒྱུའི་དངུལ་འབོར་ཁྲིམས་མཐུན་ཡིན་དགོས།
གཏན་འབེབས་དངུལ་འབོར་ཚད་གཞི་ལས་འགལ་བ་དང། དངུལ་འབོར་ཁྲིམས་མཐུན་མ་ཡིན་པ་དངོས་ར་འཕྲོད་པ་བྱུང་ཚེ། ཉེས་ཆད་ནི། སྒོར་ཆིག་ཁྲི་རེར་འོས་ཐོབ་གྲངས་ ༢༥ རེ་རྩིས་མེད་གཏོང་རྒྱུ། ཁྲིམས་མཐུན་མིན་ཚེ་འོས་ཐོབ་ཆ་ཚང་རྩིས་མེད་གཏོང་རྒྱུ།
ཁ། གཞུང་འབྲེལ་ངོས་ལེན་ཡོད་པའི་ཚོགས་པ་ཁག་ཕུད་སྤྱི་སྒེར་སུ་ཐད་ནས་སྲིད་སྐྱོང་ངམ་སྤྱི་འཐུས་འོས་གཞིའི་སྐྱེ་བོ་དེའི་ཡིག་ཐོག་ཆོག་མཆན་མེད་པར་ས་གནས་གང་དུ་ཡང་རྒྱབ་གཉེར་གསལ་བསྒྲགས་དང་དེ་འབྲེལ་འགྲོ་སོང་གཏོང་མི་ཆོག ཆོག་མཆན་ཡོད་པའི་འགྲོ་སོང་ཁག་འོས་གཞིར་ཡོད་པའི་སྐྱེ་བོ་དེའི་འོས་བསྡུ་དང་འབྲེལ་བའི་འགྲོ་གྲོན་རྩིས་ཁྲའི་ཁོངས་སུ་བརྩི་དགོས།
དེ་ལྟར་འགལ་འཛོལ་དངོས་ར་འཕྲོད་པ་བྱུང་ཚེ། ཉེས་ཆད་ནི། སྒྲིག་དོན་ལོ་ལྔ་རིང་གཞུང་འབྲེལ་སྡེ་ཚན་གང་དུ་ཡང་འོས་འཕེན་ཐོབ་ཐང་འཕྲོག་རྒྱུ། འོན་ཀྱང་འགྲོ་གྲོན་མེད་པའི་རྒྱབ་གཉེར་གསལ་བསྒྲགས་རིགས་དོན་ཚན་འདི་དང་བསྟུན་མི་དགོས།
ག། འོས་གཞིའི་སྐྱེ་བོ་སོ་སོའི་འོས་བསྡུའི་དྲིལ་བསྒྲགས་དང་འབྲེལ་བའི་བྱུང་སོང་རྩིས་ཁྲ་མཐའ་དག་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་གོང་འོས་མི་ཡོང་ཁུངས་སོ་སོའི་ས་གནས་འོས་བསྡུ་ལས་ཁང་དུ་འབུལ་དགོས།
འོས་བསྡུའི་ལས་དོན་དང་འབྲེལ་བའི་བྱུང་སོང་རྩིས་ཁྲ་མཐའ་དག་རྣམ་ཀུན་རྩིས་ཞིབ་སྐབས་དགོས་མཁོའི་རྒྱབ་ལྗོངས་དན་རྟགས་མཉམ་སྦྱར་དགོས་པ་ལྟར་དགོས་ངེས་རྣམས་ཆ་ལག་ཚང་བ་ཁམས་གཙང་དུས་ཐོག་མ་ཕུལ་བ་ཡིན་ན། ཉེས་ཆད་ནི། འོས་གཞི་སྐྱེ་བོ་གང་དེའི་འོས་ཐོབ་ཀྱི་བརྒྱ་ཆ་ ༡༠ གཅོག་རྒྱུ།
ང། སྲིད་སྐྱོང་ངམ། སྤྱི་འཐུས་སུ་འོས་པའི་མི་འགྲོ་དམིགས་འཛུགས་ཀྱིས་རྒྱབ་གཉེར་གསལ་བསྒྲགས་ཡིག་ཆ་དང། ལྟེབ་ཤོག་འགྲེམས་སྤེལ། གྱང་སྦྱོར་པར་རིས་གསལ་བསྒྲགས་སོགས་ཀྱི་ནང་འགྲེམ་སྤེལ་དང་དཔར་སྐྲུན་བྱེད་མཁན་གཉིས་ཀྱི་མིང་བྱང་ངེས་གསལ་དགོས་རྒྱུ།
དེ་ལྟར་བྱས་འཛོལ་རིགས་དངོས་ར་འཕྲོད་པ་བྱུང་ཚེ། ཉེས་ཆད་ནི། ལོ་ལྔ་རིང་གཞུང་འབྲེལ་སྡེ་ཚན་གང་དུ་ཡང་འོས་འཕེན་ཐོབ་ཐང་འཕྲོག་རྒྱུ།
ཅ། འོས་གཞིར་ཞུགས་མཁན་སུ་ཐད་ནས་ཀྱང་སྐབས་དོན་སོ་སོར་འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་དུ་དྲིལ་བསྒྲགས་ཡིག་ཆའི་ཐོག་༸གོང་ས་མཆོག་གི་སྐུ་པར་དང། བོད་མིའི་སྒྲིག་འཛུགས་ཀྱི་ལས་རྟགས། དེ་བཞིན་མཚོན་རྟགས་ཚུལ་དུ་བོད་རྒྱལ་ཁབ་ཀྱི་རྒྱལ་དར་དང་བོད་ཀྱི་ས་བཀྲ་སོགས་གང་དུ་ཡང་བེད་སྤྱོད་མི་ཆོག
དེ་ལྟའི་བྱས་འཛོལ་དངོས་ར་འཕྲོད་པ་བྱུང་ཚེ། ཉེས་ཆད་ནི། འོས་གཞི་སྐྱེ་བོ་གང་དེའི་འོས་ཐོབ་ཀྱི་བརྒྱ་ཆ་ ༥ རྩིས་མེད་གཏོང་རྒྱུ།
ཆ། སྲིད་སྐྱོང་དང། སྤྱི་འཐུས་ཀྱི་འོས་མིར་ཞུགས་མཁན་དང། དེའི་ཕྱོགས་གཏོགས་བྱེད་མིའམ་རྒྱབ་སྐྱོར་བ་རྣམས་ནས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་ཆེན་མོ་གཉིས་ཀར་བྱ་འཐུས་ཀྱང། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ ཆ་ཚང་ཚུལ་བཞིན་ཐུགས་སྣང་གིས་ཉམས་ལེན་མ་འཛོལ་བར་སྒྲིག་བསྲུང་དགོས། ལྷག་པར་ནང་གསེས་ ༧ པའི་ནང་ “འོས་བསྡུའི་དུས་ཚེས་ཀྱི་ཉིན་གྲངས་གཉིས་གོང་ནས་འོས་བསྡུ་མ་ཟིན་བར་རྒྱབ་གཉེར་གསལ་བསྒྲགས་བྱེད་མཚམས་འཇོག་དགོས་” ཞེས་གསལ་བ་ལྟར་དང། འོས་བླུགས་པའི་ཉིན་མོ་དེར་འོས་འཕེན་པར་བརྒྱུད་སྐུལ་ཤོག་རྫར་འགྲེམས་སྤེལ་སོགས་དངོས་ཤུགས་བརྒྱུད་གསུམ་ནས་མི་ཆོག
དེ་ལྟར་འགལ་འཛོལ་དངོས་ར་འཕྲོད་པ་བྱུང་ཚེ། ཉེས་ཆད་ནི། དོན་ཚན་ ༢༤ ནང་གསེས་ ༧ ནང་གསལ་ཉེས་ཆེད་ལྟར་དང། ལོ་ལྔ་རིང་གཞུང་འབྲེལ་སྡེ་ཚན་གང་དུ་ཡང་འོས་འཕེན་ཐོབ་ཐང་འཕྲོག་རྒྱུ།
ཇ། འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་བྱེད་སྒོ་ཁག་གནས་ཡུལ་རྒྱལ་ཁབ་སོ་སོའི་ཡུལ་ཁྲིམས་དང་མ་འགལ་བ་བྱེད་དགོས་ཐོག ཆབ་སྲིད་ཀྱི་གནས་སྟངས་དཀའ་ངལ་ཅན་གྱི་ས་ཁུལ་ཁག་ཏུ་འོས་གཞིར་ཞུགས་མཁན་མི་འགྲོའི་འདྲ་པར་དང་གསལ་བསྒྲགས་ཡིག་ཆ་སོགས་སྦྱོར་འགྲེམས་མི་ཆོག
དེ་ལྟར་འགལ་འཛོལ་དངོས་ར་འཕྲོད་པ་བྱུང་ཚེ། ཉེས་ཆད་ནི། འོས་གཞི་དེར་ལོ་ལྔ་རིང་འོས་གཞིར་ཞུགས་རྒྱུའི་ཐོབ་ཐང་དང་། གཞན་སྐྱེ་བོ་སུ་རུང་ལ་ལོ་ལྔ་རིང་གཞུང་འབྲེལ་སྡེ་ཚན་གང་དུ་ཡང་འོས་འཕེན་ཐོབ་ཐང་འཕྲོག་རྒྱུ།
ཉ། འོས་གཞིར་ཞུགས་མི་དང། དེའི་ཕྱོགས་གཏོགས་བྱེད་མིའམ་རྒྱབ་སྐྱོར་བ་སུ་ཐད་ནས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་སྤེལ་རྒྱུ་དང། གསར་འགོད་གསལ་བསྒྲགས། དེ་བཞིན་གསལ་བསྒྲགས་ཡིག་འགྲེམས་སོགས་བྱ་དགོས་རིགས་ས་གནས་དེ་གའི་འོས་བསྡུ་ལས་ཁང་ལ་མཁྱེན་རྟོགས་སླད་སྙན་གསན་དགོས་རྒྱུ།
དེ་ལྟའི་སྙན་གསན་མ་ཞུས་ཚེ། ཉེས་ཆད་ནི། ས་གནས་འོས་བསྡུ་ལས་ཁང་ནས་དོ་བདག་དེའི་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་བཀག་འགོག་བྱ་རྒྱུ། ཞེས་ལམ་སྟོན་ཡིག་ཆ་གསལ་བསྒྲགས་སྒྲོགས་སྦྱང་ཞུས་གྲུབ་རྗེས། གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་དང་འོས་བསྡུ་ཇི་ལྟར་བྱེད་དགོས་ཀྱི་བརྙན་ཐུང་བསྟན་ཏེ་གསར་འགོད་གསལ་བསྒྲགས་གནང་ཡོད།།